R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༢༢
[A:༥༢༢]གཏམ་སྙན་བཀའ་ཁྲ་དང་བརྟན་བཞུགས་ཚོགས་འདོན་བཅས་བསྩལ་ཏེ། མི་རིང་བར་འཁྲུངས་སྟོན་དུ་མདོས་ཆེན་ཟབ་རེས་སོགས་དགའ་སྟོན་རྒྱ་ཆེ་མཛད་ཅིང་། དེ་ལྟ་བུའི་གདུང་སྲས་གཞོན་ནུ་དེ་ཉིད་ནི། མཚན་དཔེས་སྤྲས་ཤིང་ཡ་རབས་དམ་པའི་ངང་ཚུལ་ཁོ་ན་ལས། ཐ་མལ་གྱི་བྱིས་པའི་སྤྱོད་པ་ལས་འདས་པ་ཡབ་རྗེ་རྡོ་རྗེ་འཆང་ལས་རྐྱེན་སེལ་གྱི་དབང་རྗེས་གནང་དུ་མ་དང་། དཔོན་སློབ་གནས་ལྔ་རིག་པ་ཀུན་དགའ་བཀྲ་ཤིས་དེ་ཉིད་ལས་ཡི་གེའི་ཕྱི་མོ་བྲི་ཀློག་ལ་སོགས་པ་རིག་གནས་ཀྱི་ཚོགས་དུ་མ་གསན་ཅིང་། གཞོན་ནུའི་དུས་ནས་གདན་ས་འདི་ཉིད་ན་བཞུགས་པའི་ཆོས་སྤྱོད་རྣམས་དང་རྩ་རྒྱུད་བརྟག་གཉིས་དང་བདེ་ཀྱཻ་གསང་གསུམ་རྡོ་རྗེ་ཕུར་པ་ཡོ་ག་དང་བཅས་པའི་སྒྲུབ་དཀྱིལ་རྣམས་དང་། རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་གཏོར་བསྔོ་བསྐང་བསྟོད་བསྐུལ་གཏོར་བཟློག་རྣམས་དང་བཅས་པར་ཐུགས་བློར་ཆུབ་སྟེ། ཡབ་རྗེའི་དྲུང་དུ་རེ་རེ་བཞིན་རྒྱུགས་འབུལ་མཛད་ནས། ཚོགས་དབུ་རྣམས་ལ་ཕེབས་ཤིང་། ཁྱད་པར་རྩ་རྒྱུད་བརྟག་གཉིས་ཚོགས་ལ་ཕེབས་སྐབས་རྒྱུད་འདོན་ཟབ་མ་ཞེས། ཚོམས་ཆེན་དུ་ལམ་འབྲས་བླ་བརྒྱུད་གོས་ཡོལ། ཀྱཻ་རྡོར་གོས་ཐང་སོགས་རྒྱན་འགྲེམ་དང་། ཚོགས་པས་འདབ་ལྕམ་སོགས་ཟབ་གྱོན་དང་། སྒེར་གཞུང་ནས་ཞབས་བརྟན་ཇ་འབྲས་དར་འགྱེད་སོགས་མཛད་སྲོལ་དེ་ཉིད་ཐོག་མ་སྐུ་ཐོག་འདི་ཙམ་ནས་བྱུང་བར་མངོན། དེ་ནས་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་གར་འཆམ་སོགས་ལ་ཐོག་མར་ཕེབས་ཏེ། སྐྱེ་བོ་ཀུན་གྱི་ཡིད་ཚིམ་པར་མཛད་པ་དང་། ཉིད་ཀྱི་དགུང་གྲངས་བཅོ་ལྔ་བར་ཕེབས་པར། ཡབ་རྗེ་མཆོག་ནས་སྔོན་