R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༢༣
[A:༥༢༣]སྲོལ་བཞིན་མཁས་པ་ཟིལ་གནོན་གྱི་ཆོས་ཁྲིད་ཆེ་འདོན་མཛད་རྒྱུར་གཞུང་བླ་སོགས་ལ་སྙན་འབུལ་དང་བཅས་དྲིལ་བསྒྲགས་ཏེ། གེགས་སེལ་དུ་ཆོས་སྡེ་ལྷོ་ནས་བཀའ་འགྱུར་གསེར་ཆོས་གསུང་སྒྲོགས་དང་བྱང་པ་ཚོགས་ཡོངས་ནས་ཕུར་བཟློག་བཅས་དང་། ལོ་དུས་ཀྱི་དུས་མདོས་ཆེན་མོ་འགྱངས་ནས། འགོ་ཟླའི་ཉེར་གསུམ་ནས། བྱང་པ་ཚོགས་ཡོངས་ཕྱེད་ནས། དམར་ཆེན་གཏོར་བཟློག་འཇམ་མགོན་ཀུན་བློས་དེབ་བསྒྲིགས་བཞིན་དང་། ཕྱེད་ནས་མགོན་པོ་ཞལ་གྱི་གཏོར་བཟློག་རྒྱུན་བཞིན་མཛད་ཅིང་རྒྱལ་ཟླའི་ཚེས་གཅིག་གཞི་ཐོག་རྩེར་ལྷ་བསངས་ལ་རྒྱས་པ་དང་། ཕྱི་དྲོར་ལོ་གསར་བཞུགས་གྲ་རྒྱུན་བཞིན་མཛད་པ་དང་། ཟླ་འདིའི་ཉེར་གཅིག་ལ་གཞི་ཐོག་ཀུན་རར་མདོས་ཟབ་ཆོག་བསྒྲིགས་དང་། ཉེར་གསུམ་འཆམ་སྐུ་གདན་འདྲེན་ཟབ་མ། འཇམ་མགོན་ཀུན་བློའི་དེབ་བསྒྲིགས་སྟེང་སེར་ཕྲེང་རྒྱས་པ། རུ་འདྲེན་སོ་སོ་ནས་བཅུ་གཅིག་རེ་དང་། པུ་ཏྲ་དགུ་ཚན་གཅིག་གདུང་སྲས་བགྲེས་གཞོན་རིམ་པར་ཕེབས་ནས་དྲག་ཆས་རྡོར་དྲིལ་གཡབ་དར་བཅས་མཛད་སྲོལ་འདི་ཡང་འདི་ཙམ་ནས་བྱུང་ངམ་སྙམ། ཉེར་བཞིར་སྙེམ་ཆས། ཉེར་བརྒྱད་ལ་གྱོང་ཆས། ཉེར་དགུ་ལ་གཏོར་བཟློག གནམ་གང་ལ་བསྐང་གསོ་བརྒྱ་ཚར་རྟ་ཟླའི་རྒྱལ་པོ་ལོ་གསར་དགའ་སྟོན་བཅས་མདོས་ཟབ་ཕྱག་དེབ་བཞིན་དང་། ཁྲི་ཕེབས་དངོས་གཞི་གཟའ་ཚེས་དགེ་བར་ས་ཚོགས་སུ་ཆོས་དུང་རིན་པོ་ཆེ་ནས་གསུང་གིས་བསྐུལ་ཏེ་གཞིས་བྱེས་ཀྱི་དགེ་འདུན་བརྒྱ་ཕྲག་དུ་མ་འདུས་ཚར་བ་དང་། ལྷ་ཆེན་ཆོས་ཁྲིམས་པ་རྒན་གཞོན་བྱང་པའི་སྒེར་ཆོས་དྲུག་ཅུ་ཐེ་བའི་ལས་ཚན་པ་སོགས་