R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༤༠
[A:༥༤༠]གསུངས་པ་སོགས་ཞལ་གདམས་ལེགས་པར་གནང་སྟེ། དེ་སྐབས་ཆོས་སྲིད་འཛིན་སྐྱོང་སྤེལ་བའི་ཁྲི་ཚབ་ཏུ་མགོན་པོ་དངོས་གྲུབ་དཔལ་འབར་ཉིད་འཇོག་པར་མཛད་ནས། དབུས་ཕེབས་ཀྱི་སྒར་པ་རྣམས་ཀྱི་བྱེད་སྒོ། བཅའ་ཡིག་ལས་འབྲས་བླང་དོར་གསལ་བའི་མེ་ལོང་ཞེས་བྱ་བ་མཛད། མཛོད་པ་ནས་དེའི་རྗེས་སྣོན་དགོས་པའི་བཀའ་སྡོམ་དང་བཅས་ཕེབས་ཉིན་འདི་བཞུགས་ཞལ་ངོ་རྣམས་ནས་གསུམ་སྐས་འགོར་ཕེབས་སྐྱོར་དང་བཅས་རིམ་བཞིན་ཆིབས་བསྒྱུར་ཏེ། གུར་ར་པའི་ཐད་ཙམ་ཕེབས་པ་ན་ལྷ་ཆེན་ལྕགས་རིའི་སྟེང་ནས་ལྷོ་བྱང་འདུས་སྡེའི་ཞྭ་གཡབ་དང་། ཀི་སྒྲ་ཐེངས་གསུམ་གྱིས་དང་པོ་རྣམས་ལ་ཆིབས་ཁ་བསྒྱུར་ཙམ་དང་གསུམ་པའི་ཚེ་མཆོད་རྟེན་དཀར་ཆུང་བར་ཆིབས་རྒྱུགས་མཛད། འདི་ཡོད་ཕྱག་གཉེར་རྣམས་ནས་དབུ་གུར་དང་བཅས་སྲོ་མ་འཇིང་ཁར་ཐབ་སྐྱེལ་ཇ་ཞུས་མཇལ་དར་སོགས་ཕུལ་ཏེ། དོ་ནུབ་མགར་ར་བཀྲ་ཤིས་དར་རྒྱས་སུ་བཞུགས་ཞག་སྒར་སྒྲིགས། དེ་ནས་དགོན་རྒྱས་སུ་གསོལ་ཚལ་དང་ཚ་གཞིས་སུ་ཞག་དེ་སྐོར་མཇལ་དམངས་དང། ལྷུན་རྩེ་གནས་གཟིགས་ཟམ་གདོང་དུ་ཤབ་གཞིས་རྒན་གྱིས་ཕེབས་བསུ་མཇལ་དར། རྒྱ་མདུད་དུ་ཞག་གཞི་དམངས་ལ་གནང་སྦྱིན་གྱ་ནོམ་བསྩལ། འདི་ནས་གཞུང་ས་མཆོད་ནས་རྟ་ཁལ་འཐུས་མི་གྲ་སྒྲིག་གཟན་ཤིང་སོགས་གྱ་ནོམ་པའི་ལམ་ཡིག་ཕྱག་འཁྱེར་དང་བཅས་གདོང་སྣ་བརྒྱུད་དེ་གཞིས་རྩེ་དང་ཉེ་བར་ངོར་བླ་བྲང་ཁག་ནས་ཕེབས་བསུ་མཇལ་དར། འགར་སྤེལ་བཞུགས་གནས་སུ་ངོར་པའི་ས་མཇལ་རྒྱས་པ་མཇལ་དམངས་གྲུབ་ནས་རིམ་ཕེབས་ཀྱིས།