R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༣༩
[A:༥༣༩]གཟའ་ཚེས་དགེ་བར། སྒོ་རུམ་ཡེ་ཤེས་མགོན་པོར་ལམ་གཏོར་གནང་ཞིང་། གྲོལ་འཕྲལ་མཆོད་ཞིང་བྱ་འདྲ་མའི་སྟེང་སྤྲོ་ཁང་ཕྱིང་གུར་མཇལ་གུར། ཕྱག་གཉེར་བན་ཚང་པ་གསོལ་གཟིམ་སོགས་ཀྱི་ཤག་གུར་སོགས་སྒར་གྲ་བསྒྲིག་པར་ཕེབས་པ་སྐུ་འཁོར་རྣམས་བླ་བྲང་ཟམ་ཁར་ཕེབས་པ་དང་དུས་མཉམ། སྒོ་རུམ་ཕྱོགས་ནས་བྱ་རོག་མང་པོས་སྐད་སྙན་སྒྲོག་བཞིན་པར་གཤོག་རྡེབ་དང་བཅས་བཞུགས་སྒར་གྱི་གཡས་གཡོན་དུ་བབས་པ། སྒར་པ་ཚང་མས་ད་ནི་ཆོས་སྐྱོང་སྲུང་མ་རྣམས་ཀྱང་རང་རེ་རྣམས་ཀྱི་ཆ་ལ་ཕེབས་པ་ད་ལན་ཕེབས་འགྲུལ་ལ་བར་ཆད་མེད་ཅིང་། མཐུན་རྐྱེན་འབད་མེད་ལྷུན་གྲུབ་ཏུ་ཡོང་རྒྱུ་ཡིན་འདུག་ཟེར་བ་བྱུང་ཞིང་། དེ་ནས་ཆིབས་བསྒྱུར་ཉེ་བ་ན། ཕུན་གླིང་ཚོམས་ཆེན་དུ་ལྷོ་བྱང་འདུས་ཚོགས་ལ། སྐྱབས་ཁྲི་པདྨའི་མཚན་ཅན་ཉིད་ནས་བཀའ་བསྒྱུར་དུ་ངོས་རྣམས་དབུས་འགྲུལ་མ་འཁོར་བར་སྒྲིག་ལམ་ཀུན་སྤྱོད་རྣམས་ཐུད་ཤོར་མེད་པར་མཛད་ངོས། ངོས་རྣམས་བསྟན་འགྲོའི་ཕན་བདེ་འབྱུང་ཆེད་དུ་འགྲོ་བ་ལགས་ན། བྱ་བ་ཐམས་ཅད་བསམ་བཞིན་འགྲུབ་པའི་ཐུགས་སྨོན་དུས་རྟག་ཏུ་མཛོད་ཅིག རང་ཅག་རྣམས་མྱུར་དུ་མཇལ་ཡོང་གསུངས་པས། དགེ་འདུན་ཕལ་ཆེ་བ་ཞིག་སྤྱན་ཆབ་ཀྱང་བསིལ། སླར་ཡང་དམ་པ་འདི་ཉིད་ནས་སླད་ནས་འདུས་བྱས་ཐམས་ཅད་མི་རྟག་པ། ཚོང་འདུས་མགྲོན་པོ་དང་འདྲ། དངོས་པོ་ཟ་ཟིར་འདི་ནི་རྨི་ལམ་ལྟ་བུ། རྣམ་པ་ཆུ་ཤིང་གི་འབྲས་བུ་དང་འདྲ་ལ། འོན་ཀྱང་ད་ལན་གནས་སྐབས་མ་གཏོགས་ཕུགས་ནས་རང་རེ་མཇལ་བས། དེ་ཙམ་གྱི་ཐུགས་ངལ་མ་མཛད་པར་སྐུ་ཁམས་བདེ་མོར་བཞུགས་