R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༤༣
[A:༥༤༣]ཚུལ་རྗེ་ཉིད་ཀྱིས་གསན་པ་ན། ངེད་ཀྱི་ཁོང་རྣམས་ཀྱི་གསུངས་བཞིན་ཀླུ་དེ་རྒྱ་མཚོའི་མཐར་བསྐྲོད་པ་ཡིན་པས། གནས་སྐབས་ཉེས་སྐྱོན་འོང་བ་མེད་ཀྱང་ནམ་ཕུགས་མཚོ་སྨོན་གླིང་པའི་བསྟན་སྲིད་ལ་དར་རྒུད་ཅུང་ཟད་ཡོད་ཉེན་ཆེ་གསུངས་ནས་བཟློག་ཐབས་རིམ་གྲོ་མང་དུ་མཛད། གཞན་ཡང་སྡེ་དཔོན་ཆེ་ཁག་དང་བཀའ་བློན་རྣམ་པ་སོགས་ཆེ་རིགས་ཀུན་གྱི་འདོད་དོན་སྒྲུབ་དགོས་རྣམས་མཛད་ཟིན་ནས། རྨེ་རུར་ཆོས་སྡེར་ཁྲོམ་དབང་ལྷ་ས་བ་སྐྱ་སེར་ཕལ་ཆེ་བས་ཞལ་མཇལ་ཞིང་། ཟང་ཟིང་གི་དངོས་འབུལ་ཀྱང་རྫོགས་ལྡན་གྱི་དཔལ་ལ་འགྲན་པར་བྱུང་། གཞན་ཡང་བར་སེང་གྲྭ་ས་སེ་འབྲས་དགེ་གསུམ་ལྷ་ལྡན་གྱི་ཚོང་པ་སོགས་མཇལ་ཕྱག་ཞུས་ཏེ། དངོས་འབུལ་རྨུགས་འཛིན་དབང་པོའི་གན་མཛོད་ལ་འགྲན་པར་བྱུང་། གཞུང་ས་མཆོག་ནས་སྔ་བར་ཕྱི་གསུམ་གྱི་ཟུར་གསོལ་རྒྱ་ཆེ་བ་བསྩལ་བ་སོགས་གཟུགས་བཟོས་མཆོག་ཏུ་དགེ་ཞིང་། དེ་ནས་རིང་མིན་ཐོན་ཕྱག་ཞུ་གནང་གིས་ཕེབས་ཟོས་གསོལ་སྟོན་ཐོག་སྤྱད་དངོས་སྤམ་མཐོ་བར་བསྩལ་ཐོག ཕེབས་སྐྱེལ་དང་ཐབ་སྐྱེལ་ཐོག་རྩེ་ཤོད་དང་བཀའ་ཤག་ནས་ཇ་ཞུས་མཚམས་དར་འབུལ་བ་སོགས་སྔར་བཞིན་མཛད་ནས། རྒོད་དཀར་ལ་བརྒྱུད་དཔལ་གྱི་བསམ་ཡས་སུ་ཕེབས་ཏེ། རབ་གྲྭ་རྣམས་ནས་གསོལ་བཏབ་བཞིན་ཕུར་དབང་སྟོད་ལས་སྨད་ལས། གཙུག་ལག་ཁང་རྣམས་སུ་སྣ་ལྔའི་མཆོད་ཚོགས་རྒྱ་ཆེ་བ་དང་བཅས་བསྟན་འགྲོ་ཕན་བདེའི་ཐུགས་སྨོན་ཡང་དག་དང་། ཆོས་སྐྱོང་གནོད་སྦྱིན་ཆེན་པོར། སྤྱན་གཟིགས་མཆོད་གཏོར་གསེར་སྐྱེམས་སྙན་དར་སོགས་བསྩལ་ཏེ།