R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༤༤
[A:༥༤༤]སྔོན་དུས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བཀའ་བསྒོས་དམ་ལ་བཞག་པ་བཞིན་སྤྱི་བྱེ་བྲག་གི་བསྟན་པ་སྲུང་ཞིང་སྐྱོང་བའི་བཀའ་བསྒོ་གཉེར་གཏད་ཡང་དག་པ་མཛད། དེ་ནས་རིམ་བཞིན་དབུས་ལྷོ་ཁ་དང་། རྒྱལ་རྩེ་སོགས་གཙང་དབུས་ཀྱི་དགོན་གནས་ཐམས་ཅད་དུ་མང་འགྱེད་མཆོད་འབུལ་ཁྲོམ་དབང་སོགས་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་བཞིན་པར་གཞིས་རྩེར་ཕེབས་ནས་བླ་བྲང་རྒྱལ་མཚན་མཐོན་པོས་ཐབ་བསུ་ཕེབས་བསུ་སྐྱེལ་བཀུར་ཟོས་གང་ཆེའི་ཐོག་པཎ་ཆེན་རིན་པོ་ཆེ་བློ་བཟང་བསྟན་པའི་ཉི་མས་མཇལ་ཕྱག་དངོས་འབུལ་གྱ་ནོམ་པ་བཅས་མཛད་ནས་ཕན་ཚུལ་དགེས་པའི་གསུང་གླེང་ཡང་མང་དུ་གནང་། དེ་ནས་ཨེ་ཝཾ་ཆོས་ལྡན་དུ་ཞག་འགའ་རེ་བཞུགས་ཏེ་བླ་བྲང་ཕན་ཚུལ་དང་འདུས་སྡེ་རྣམས་ཀྱི་རེ་བ་རྣམས་གྲུབ་ནས་གདན་ས་ཆེན་པོ་དང་ཉེ་བར་ཕེབས་པ་ན། དེ་ཡོད་ཀྱི་མཁན་ཆེན་སོགས་ལྷོ་བྱང་ལས་ཚན་ཕྱག་གཉེར་དྲུང་རིགས་བཅས་གར་ར་བཀྲ་ཤིས་དར་རྒྱས་ཞག་སར་ཕེབས་བསུ་མཇལ་དར་དང་། སང་ཉིན་ཨ་སྤྲོ་ལ་རྩེར་ལྷ་བསངས་རྒྱས་པ་མཛད་ནས། སྲོ་མ་རྫིང་ཁར་ཐབ་བསུ་དེ་ནས་གཞུང་ཞིང་ཆུ་ཁ་མའི་སྟེང་དུ་ཆོས་སྡེ་ལྷོ་བྱང་འདུས་སྡེ་ནས་སེར་ཕྲེང་གི་སྣེ་ལ་ཆོས་དུང་རིན་པོ་ཆེ་རྡོ་རྗེའི་ཆོས་སྐྱོང་འཆམ་མགོན་བརྒྱད་བཅས་ཕེབས་པ་དང་། སྐུ་མཆེད་རྒྱལ་ཡུམ་བཅས་ཆིབས་བཤོལ་ཏེ། སྙན་ཤལ་བསྩལ། དེ་ནས་ཆ་ཁམས་ཀྱི་གཞས་བསུ་སོགས་དང། བླ་བྲང་ཟམ་སྣེར་འདིར་སྐུ་ངོ་སོགས་ནས་མཇལ་དར་དང་བཅས་བསུས་ཏེ་གཞི་ཐོག་ཕོ་བྲང་ཆེན་པོའི་ཚོམས་དམར་དུ་རྒྱན་འགྲེམ། སྟན་སོགས་བཤམས་