R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༤༥
[A:༥༤༥]པར་ཤར་ཕེབས་ཀྱིས་ཡབ་རྗེ་སྐུ་མཆེད་རྒྱལ་ཡུམ་གཞུང་ས་མཆོག་གི་མཛོད་པ་སོགས་སྒར་པ་ཚང་མར་སོ་སོའི་གོ་བབས་གདན་ཐོབ་དང་བཅས་པའི་ཐོག་གཞུང་ནས་ཇ་འབྲས་ཐོག་འདིར་བཞུགས་ཞལ་ངོ་རྣམས་དང་དྲུང་རིགས་ལས་ཚན་སོགས་ནས་མཎྜལ་རྟེན་གསུམ་སོ་སོར་གོ་བབས་དང་བསྟུན་པའི་མཇལ་དར་ཕུལ། དེ་ནས་གཞུང་ནས་དཀར་སྤྲོ་དང་། དམར་བྲོ་སྡེར་ཁ་རྒྱ་དཔང་ཆེ་བ་སོགས་བཏེག་ཟིན་མཚམས་གཟིམ་ཆུང་རྩེར་ཕེབས། དེའི་སང་ཉིན་ནས་འཆམ་མགོན་རྣམས་ཚོམས་ཆེན་དུ་བཞུགས་པར་མཆོད་བཤམས་བསྐང་གསོ་བརྒྱ་ཚར། འཆམ་སྐུ་ཕེབས་སྐྱེལ་དུས་མདོས་བཞིན་དང་། ཞག་ཤས་ནས་ལྷ་ཆེན་གྱི་གཙོས་གཙུག་ལག་ཁང་རྣམས་ལ་སྣ་ལྔའི་མཆོད་ཚོགས། དེ་སྐབས་ལྷ་ཆེན་དུ་དངུལ་སྲང་ཉེར་ལྔ་ལས་གྲུབ་པའི་མཆོད་ཀོང་སོགས་གསར་སྦྱོར་མཛད་ཅིང་ཆོས་ལྷུན་རི་སྒང་སོགས་ལ་སྐུ་སྐྱེས་མང་འགྱེད་སོགས་དང་མགོན་ཁང་ཁག་བཞི་སོགས་ལ་གཏང་རག་རྣམས་རིམ་བཞིན་མཛད། གོང་དབུས་སུ་མ་ཕེབས་གོང་དུ་ཚོམས་བར་དུ་དབང་ལྷ་སྒྲུབ་ཆོག་མཛད་སྐབས་སོགས་དགེ་མཚན་མངོན་གསལ་བཞིན་འདི་སྐབས་གཞུང་ས་མཆོག་ནས་གཞིས་རྫོང་ཁོངས་གཏོགས་དཔལ་ལྡན་རྩེ་གཞིས་ཀ་མི་གྲྭ་ཡོང་འབབ་དང་བཅས་པ་གདུགས་དཀར་ཉེར་བདུན་མའི་སྒོ་ནས་བྱད་བཟློག་གཙོ་བོ་གྱུར་པའི་ཞབས་བརྟན་བསྟར་ཆགས་སྒྲུབ་རྒྱུའི་ཐེབས་རྩར་འབུལ་འབྱོར་མཛད་པ་སོགས། མདོར་ན་སྐུ་རྐྱེན་མི་མཐུན་རིགས་མེད་ཅིང་། ཐུགས་བཞེད་གང་ཅི་འབད་མེད་ལྷུན་གྲུབ་ཏུ་བྱུང་བ་སོགས། གཞིས་བྱེས་ཚང་མ་