R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༤༦
[A:༥༤༦]དགའ་སྟོན་གྱི་དཔལ་ལ་རོལ། དབུས་ཕེབས་སྐབས་གདན་ས་འདིར་ཞབས་དཀར་སྤྲུལ་སྐུ་ཞེས་པའི་ཟོག་རྫུས་གཡོ་ཅན་དཔོན་གཡོག་མང་ཞིག་སླེབ་ཚོད་ཀྱང་། འདིར་བཞུགས་གདུང་སྲས་སྐུ་མཆེད་རྗེ་བཙུན་རྨོལ་དྲུང་འཆི་མེད་བསྟན་པའི་ཉི་མ་སོགས་ནས་རྫུ་འཕྲུལ་གྱི་བཀོད་པས་བཏུལ། གསར་བསྐྲུན་ཞབས་བརྟན་ལྷ་ཁང་དགེ་ལེགས་རྒྱ་མཚོའི་འབྱུང་གནས་རིགས་གསུམ་གདུང་རབས་ཆར་འབེབས་སུ་དུས་དང་རྒྱུན་མཆོད་བསྟར་ཆགས། གཞན་ཡང་ལོ་ལྟར་ཆོ་འཕྲུལ་ཚེས་བཅོ་ལྔ་བདག་ཁྲིི་མཆོག་དང་། མཁན་ཆེན་སོགས་ཆོས་སྡེ་ལྷོ་བྱང་ལས་ཚན་བན་ཚང་པ་འདུས་ཚོགས་བཅས་ནས་ཐེག་ཆེན་སེམས་བསྐྱེད་རང་གིས་ལེན་པ་སོགས་དང་། བླ་མ་གོང་མའི་བསྟོད་ཚོགས་དང་མཆོད་འབུལ་སོགས་ཞལ་འདོན་གྱི་རིམ་པ་རྣམས། འཇམ་མགོན་ཀུན་བློས་མཛད་པའི་ཞལ་གྲོ་མཆོད་འབུལ་ཕྱག་དེབ་བཞིན་མཛད་པ་ལ་མཆོད་ཚོགས། བསྙེན་བསྐུར་ཟབ་པ་བཅས་གནང་སྲོལ་ད་ལྟའི་བར་གནས་པ་དང་། མགོན་ཁང་བདུད་དཔུང་ཟིལ་གནོན་ལོག་འདྲེན་ཚར་གཅོད་གདུང་རབས་ཆར་འབེབས་སུ་ལོ་ལྟར་རྒྱལ་ཟླའི་ནང་། དམ་རྫས་བསྐང་གཏོར་ནག་པོ་མཆོད་བསྟོད་བཅས་གསར་འཛུགས་ལོ་ལྟར་བན་ཚང་པ་སྟོད་སྨད་བླ་ཁག་སོགས་གཏོར་སྤོད་ཀྱི་ཞལ་འདོན་ནག་པོ་མཆོད་བསྟོད་བཅུ་གཅིག རྩ་ལྟུང་གི་བཤགས་པ་གྲངས་ཤིན་ཏུ་མང་བ་ཕྱག་དེབ་བཞིན་གནང་སྲོལ་ད་ལྟའི་བར་མཆིས་པ་སོགས་དང་། སྔོན་དུ་སྐྱེས་ཆེན་འགའ་ཞིག་ལ་ལུང་བསྟན་ཞུ་གནང་ལའང་གདུང་སྲས་འབྱུང་བ་གསུངས་པ་དང་། ཉེ་ལམ་དབུས་ཕེབས་སྐབས་བསམ་ཡས་ཆོས་སྐྱོང་