R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༥༡
[A:༥༥༡]བསྐུར་ཏེ། དབང་རྗེས་གནང་ལུང་སོགས་མང་དུ་གསན་པ་བཅས། དེ་སྐབས་ཀྱང་ཡབ་རྗེ་པདྨའི་མཚན་ཅན་ཉིད་ནས། གཤེད་དམར་གྱི་ཉམས་ཁྲིད་དང་། གསང་འདུས་འཇམ་པའི་རྡོ་རྗེའི་དབང་སོགས་མང་དུ་གསན་པ། གསང་འདུས་དབང་གི་སྐབས་རྗེ་ཉིད་ནས་མཁན་ཆེན་ཉིད་འཇམ་པའི་རྡོ་རྗེ་དངོས་སུ་རྒྱུན་རིང་གཟིགས་པ་ནས་བཟུང་ཐར་རྩེ་རྡོ་རྗེ་འཆང་ཞེས་རྗེ་ཉིད་ཀྱི་དབུ་བླའི་གཙོ་བོ་ཞིག་ཏུ་མཛད། གསར་བཞེངས་ཞབས་ལྷ་དང་། བསམ་བརླིང་སྒྲོལ་ཁང་སོགས་ལ་རབ་གནས་ཀྱང་ཞུ་བར་མཛད། མེ་བྱ་ལོ་མཇུག་དེར་ཡབ་སྲས་གཉིས་ཆར་གཞུང་སའི་ཞབས་བརྟན་ལྟ་བུར་ཡིན་ནམ། རྒྱལ་རྩེར་ཆིབས་བསྒྱུར་ཁྱུག་ཙམ་གནང་ཚོད་དུ་འདུག ལྕགས་བྱི་ལོ་གསར་འཕྲལ་གནས་ལེན་ཞབས་སྐོར་དུ་ཕེབས་རྒྱུའི་སྔ་འཕྲོས་གཞུང་ས་མཆོག་ཏུ་སྙན་སེང་དང་། རྟ་ཁལ་ལམ་ཡིག་སོགས་ཞུ་གནང་གིས་ཡབ་སྲས་ཟུང་དང་། རྒྱལ་ཡུམ་ཞིང་སྐྱོང་དབང་མོ་བཅས་སྟོན་འཁོར་རྣམས་གདན་ས་ནས་རིམ་ཕེབས། མར་ལམ་པཎ་ཆེན་རིན་པོ་ཆེ་བློ་བཟང་བསྟན་པའི་ཉི་མའི་མཇལ་ཕྱག་དང་། དེ་ནས་རོང་བརྒྱུད་དེ་ལྷ་ལྡན་རྒྱལ་ཁབ་ཆེན་པོར་ཕེབས་པར་ཉེ་བ་ན། བཞུང་ས་མཆོག་ནས་བཀུར་བསོས་ཐབ་བསུ་ཇ་ཞུས་མཚམས་དར་འབུལ་བ་སོགས་སྔར་བཞིན་མཛད་ནས། ཞག་ཤས་ནས་གོང་ས་རྒྱལ་དབང་བློ་བཟང་མཁས་གྲུབ་རྒྱ་མཚོ་དང་། སྲིད་སྐྱོང་མཚོ་སྨོན་གླིང་པ་རྣམས་མཇལ་ཕྱག་དངོས་འབུལ་བཅས་དང་། ཇོ་ཤཱཀ་རྣམ་གཉིས། རྩེ་པོ་ཏ་ལ་འཕགས་པ་ལོ་ཀི་ཤྭ་ར་དང་། གསེར་གདུང་ཁག་བཅས་ལ་སྣ་ལྔའི་སྟོང་མཆོད་རྒྱས་འབྲིང་བསྡུས་གསུམ་དང་། ཞལ་