R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༥༠
[A:༥༥༠]གསར་དུ་བསྐྲུན་པ་དང་། ནང་རྟེན་གསར་བཞེངས་ཀྱང་གོང་དུ་བཤད་པ་ཡབ་རྗེ་རྡོ་རྗེ་འཆང་དབང་གྱི་མཚན་ཅན་གྱི་གདུང་རྟེན། ཞབས་ལྷའི་རྟེན་གཙོ་རྣམས་དང་གསེར་ཀོང་དང་། གཞན་ཡང་དབུ་བླ་ལྔ་ཀུན་བཀྲས་ཀྱི་འདྲ་སྐུ། རྒྱ་དངུལ་ལུགས་མའི་དགེས་རྡོར་ལྷ་དགུ་གསེར་ཟངས་ཀྱི་པད་སྡོང་ཅན། ཡབ་རྗེ་དབང་གི་མཚན་ཅན་གྱི་སྐུ་དུས་བཞེངས་གནང་རིལ་སྒྲུབ་སྐབས་མདུན་བསྐྱེད་རྟེན་འདྲ་ཅོག་གསར་བཞེངས་མཛད་པ་སོགས་མང་བ། ཉམས་གསོ་མཛད་ཚུལ་ལྷ་ཆེན་ཁྱམས་སྟོད་ཀ་ཆེན་ཞིག་རྩ་བ་སར་ནུབ། གདུང་ཞོམ་སྟེ། ལྡིབ་ཞོམ་ཡོང་ལ་ཁད་པ་བྱུང་བ་རྗེ་ཉིད་ནས་ཆོས་བདག་ཡིད་བཞིན་ནོར་བུའི་བསྐང་འཕྲིན་གནང་བས་སྐྱོན་མེད་ཀྱི་མཚན་མ་གསལ་བ་བཞིན་རྡོ་ཤིང་སོགས་ལས་བྱེད་རྣམས་ནས། ལས་ཙམ་པས་ཚེགས་མེད་ཀ་གདུང་འདེགས་ཐུབ་པས། ལས་བྱེད་རྣམས་ལ་དཔའ་དར་སོགས་གསོལ་རས་ཀྱང་གྱ་ནོམ་པ་བསྩལ་བ་དང་། རབ་གནས་ཀྱང་མཛད་པ་ད་བར་སྐྱོན་འགྱུར་མ་བྱུང་བ་དང་། ལྷ་ཆེན་ཆོས་གྲྭ་འདི་ཡང་ཉམས་གསོ་གསར་བཞེངས་དང་འདྲ་བར་མཛད་ཅིང་རབ་གནས་ཀྱང་རྒྱས་པ་གནང་། མེ་བྱ་ལོ་མཇུག་ཙམ་ལ་ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་ཉིད་ཁམས་ཕེབས་འཁོར་ཏེ། གདན་ས་ཆེན་པོ་སྐུ་མཆེད་ཡབ་སྲས་རྣམས་མཇལ་ཕྱག་ཏུ་ཕེབས། གཞུང་འབུལ་ཇ་འཁོར་དྲུག་བརྒྱ་སོགས་ཧ་ཅང་གཏོས་ཆེ་བ་དང་སྐུ་སྒེར་སོ་སོ་ལའང་འབུལ་སྟོབས་ཆེ་བ་དང་། ཆོས་སྡེ་ལྷོ་བྱང་འདུས་སྡེ་ལ་མང་འགྱེད་ཚན་ཆེ་བ་བསྟབས་ཤིང་། དེ་སྔོན་ནས་བདག་ཁྲི་ཡབ་སྲས་རྣམས་ནས་དབུ་བླར་