R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༥༢
[A:༥༥༢]གསེར་སྒྲོན་པ་སྙན་དར་སྲིད་ན་རིང་བ་ཕུལ་ཏེ་བསྟན་པ་རྒྱས་པ་དང་དེ་འཛིན་རྣམས་སྐུ་ཚེ་རིང་བ། རྣམ་དཀར་འཕྲིན་ལས་རྒྱས་པ་སོགས་དང་། འཇིག་རྟེན་གྱི་ཁམས་སུ་ལོ་ཕྱུགས་ལེགས་པ་སོགས་བདེ་སྐྱིད་ཐུགས་སྨོན་དྲག་ལ་ཡུན་རིང་བར་འདེབས་པ་མཛད་ཅིང་། གཞུང་ས་མཆོག་ནས་ཀྱང་སྔ་བར་ཕྱི་གསུམ་གྱི་ཟུར་ཆས་གནང་སྦྱིན་དང་། བསྟན་སྲིད་ཀྱི་ཞབས་བརྟན་ཀྱང་མང་དུ་ཐོན་པ་རྣམས་བསྒྲུབས་ནས་དགོངས་ཞུའི་སྙན་ཞུ་མཛད་དེ་རིང་མིན་ཕེབས་ཕྱག་ཞུ་གནང་གིས། རྩེ་ཤོད་སོ་སོ་ནས་ཕེབས་ཐོན་གནང་སྐྱེས་ཀྱང་གྱ་ནོམ་པར་བསྩལ་ཏེ། རྒོད་ཀའམ་དགོད་ཁ་ལ་བརྒྱུད་ནས་ལྷོ་ཁར་ཆིབས་བསྒྱུར་གྱིས་བསམ་ཡས་སུ་ཕེབས་ཏེ་བཞུགས་ཡུལ་རྒྱལ་དབང་མཆོག་གི་གཟིམ་ཆུང་དུ་བསྒྲིགས་པ་ན། དེར་མ་བཞུགས་པར་གཞན་ཞིག་ཏུ་སྤོ་དགོས་ཚུལ་གསུངས་ཏེ། དུམ་ཙམ་ནས་སྔར་གྲ་སྒྲིག་ཞུ་སའི་གཟིམ་ཁང་རྡིབ་གཞོམ་དུ་གྱུར་པ་བསམ་ཡས་པ་དང་འདི་ཕྱོགས་སྒར་པ་རྣམས་ཧ་ལས་ཏེ། ཚང་མས་བདག་ཆེན་རིན་པོ་ཆེ་ལ་མངོན་མཁྱེན་ཐོགས་མེད་འདི་འདྲ་ཡོད་པ་མིན་ན་གཞན་རང་རེ་རྣམས་ས་ཕྱོགས་འདི་ནས་ཕྱི་ལོག་རྒྱུ་མེད་པ་སོགས་བསྟོད་བཀུར་བསྔགས་གསུམ་གྱི་སྒྲས་བར་སྣང་ཁྱབ་བོ། །ཆོས་སྐྱོང་ཆེན་པོར་སྤྱན་གཟིགས་གསེར་སྐྱེམས་སྙན་ཤལ་སོགས་བསྩལ་ཏེ་བཀའ་བཞིན་བསྒྲུབ་རྒྱུའི་ཐ་ཚིག་ཀྱང་ཕུལ། དེ་ནས་རྩེ་ཐང་དང་ཡར་ཀླུང་རྟེན་གསུམ་གནས་གསུམ་སོགས་ལ་མཆོད་འབུལ་གནས་གཟིགས་དང་། ཐུགས་སྲས་མངྒའི་མཚན་ཅན་དང་། རྒྱལ་ཡུམ་ཞིང་སྐྱོང་དབང་མོ། དཔོན་སློབ་ཆོས་གྲགས་པ་བཅས་གུ་རུའི་སྒྲུབ་གནས་ཡར་ཀླུང་ཤེལ་