R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༥༧
[A:༥༥༧]གཞུང་སའི་ཞབས་བརྟན་བསེ་མགོན་ཡིད་བཞིན་ནོར་བུའི་དྲུང་དུ། མགོན་པོ་ཁྲོ་བཅུའི་གཏོར་སྒྲུབ་སྐབས་སྲོད་ལ་ཐུན་གཏོར་འབུལ་སྐབས། གཏོར་རྩེ་ལས་མེ་སྟག་ཆད་པ་ནམ་མཁར་སོང་བ་ཇེ་ཆེར་གྱུར་ཏེ་གཙོ་དམར་རྫ་སྦོམ་ཙམ་དུ་གྱུར་ཏེ་ལྷོ་ནུབ་ཏུ་སོང་བ་ཀུན་གྱིས་མཐོང་བ་དང་། བསྒྲལ་ཆོག་སྐབས་ལིངྒ་ལས་རླངས་པ་ཆིལ་གྱིས་བྱུང་བ། ལྟེ་གཟིམས་ཚེ་བསམ་སོགས་ཀྱིས་མཐོང་ཚུལ་དང་། ནང་ཆེན་བླ་མ་དཔལ་བཟང་རྒྱལ་མཚན་བན་ཚོང་སྐབས་ཚེས་མཆོད་ལ་རྗེ་ཉིད་གདན་ཞུས་ཀྱིས་བདུད་རྩི་འདྲེན་སྣོད་ཐོད་པ་ངན་ངོན་ཞིག་ལས་གཡར་མཁན་མ་འབྱོར་བ་རྗེ་ཉིད་བདུད་རྩི་བྱིན་རླབས་སྐབས། ཆང་དེ་ཉིད་ཚ་ཆིལ་དུ་ཁོལ་ཞིང་ལུད་པ་དང་། གཞན་ཡང་ཆབ་ཚན་སྐབས་སོགས་སུའང་བདུད་རྩི་ཁོལ་ཞིང་ལུད་པ་ཁ་རེ་བྱུང་བ་སོགས་གྲུབ་པའི་མཚན་མ་མཐའ་ཀླས་སོ། །ཡང་ཐུགས་སྲས་མངྒའི་མཚན་ཅན་ལ་མགོན་པོ་ཞལ་བཞིའི་བཀའ་ཆོས་གནང་སྐབས། འདི་ཤིན་ཏུ་གཉན་པས། ཐོག་མར་བསྙེན་སྒྲུབ་བྱ་དགོས་གསུངས་ནས་དུས་གྲངས་ཀྱིི་བསྙེན་པ་མཐར་ཕྱིན་པ་མཛད་རྩིས་ལ། གྲུབ་དབང་འདི་ཉིད་ཀྱིས་ཞག་བདུན་སོང་མཚམས། ངོས་ཀྱིས་མཚན་མའི་བསྙེན་པ་སོང་བ་ཡིན་པས་དུས་གྲངས་ཀྱིས་དགོས་པ་མེད། སང་ནས་བཟུང་བཀའ་དབང་འབུལ་གསུངས་ཏེ། བཀའ་ཆོས་ཚུགས་ཀྱང་གནས་ངེས་མེད་ཀྱི། རེས་ལྷ་ཁང་། རེས་གྲོང་ཁྱིམ། རེས་གྲྭ་ཤག་སོགས་སྐབས་བབས་སུ་གནང་ཞིང་། ཆོས་སྐྱོང་སེངྒེ་ནག་པོའི་རྗེས་གནང་ནི་བསམ་བརླིང་ལྟེ་བའི་ཁྱིམ་དུ་གནང་བ་དེ་དུས་ཀྱི་ཆེ་རིགས་རྣམས་ཀྱི་བསམ་པར། ཆོས་སྐྱོང་འདི་ཤིན་ཏུ་བཀའ་གཉན་