R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༥༦
[A:༥༥༦]བསྲུང་དགོས་ཞེས་ཡང་ཡང་གསུངས་པས། སྔགས་པས་ཕྱག་དང་བཅས་དེ་འདྲ་ཞུ་མ་དགོས་པ་དེ་འདྲ་བདག་གིས་ག་ལ་ནུས་སོགས་ཞུས་ཀྱང་མ་གསན་པར། འོ་ན་སྐྱབས་རྗེ་མཆོག་ནས་འབེབས་པར་མཛད་ཚེ་བདག་གིས་བསྲུང་ག་ལ་ནུས། བདག་གིས་ཕབ་ཆོག་པ་ལ། སྐྱབས་རྗེ་མཆོག་ནས་སྲུང་ཆ་ཐུགས་རྗེ་ཆེ་རོགས་གནང་ཞུས་ཏེ། སྔགས་པ་སེར་བ་འབེབས་ཏུ་ཆས་པ་ལས། རྗེ་ཉིད་ཆས་གཏམ་སོགས་ལ་ཐུགས་གཡེང་སྐབས། སྔགས་པའི་ནུས་་མཐུས་ནམ་མཁར་གློ་བུར་སྤྲིན་ནག་བསྡུས་སྟེ་གློག་འཁྱུག་འབྲུག་སྒྲ་དང་བཅས་སེར་བ་ཕབ་པར། རྗེ་ཉིད་ནས་ཅུང་ཟད་གཡེང་བའི་ལན། སེར་བས་ལོ་ཐོག་གཅོམ་པར་འགྱུར་སྲིད་གསུངས་ནས། ཕྱིར་བྱོན་ནས་མགུལ་ཕུར་བཏོན་ཏེ། ནམ་མཁའ་ལ་བསྒྲིལ་བས། ཕུར་རྩེ་ནས་མེ་སྟག་དུ་མ་ཁྲོམ་ཁྲོམ་འཕྲོས་པས། སྤྲིན་ནག་དབྱིངས་སུ་འཐོར་ཞིང་། སྤྲིན་བྲལ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་ན། དེ་ཚོགས་རྣམས་ཀྱི་ཐུགས་རྗེ་ཆེ་ཞེས་ཕྱག་མང་དུ་ཕུལ་བའི་ཚེ་གསུངས་ལས། ངེད་ཀྱི་ཕུར་པ་འདི་བཏབ་ན་ལྷ་ཡང་རྡུལ་བཞིན་བརླག་པར་འགྱུར་ན། གནོད་བྱེད་བགེགས་དགྲ་སྡིགས་པ་ཙམ་གྱིས་འགུམ། དེ་བས་ན་ང་རིག་འཛིན་སྡེགས་འགུམ་བྱ་བ་ཡིན། ཁྱེད་རྣམས་ཀྱིས་ད་ས་བརྟན་པོ་གྱིས་ཤིག་གསུངས་ཏེ། སྔགས་པ་ལ་ཡང་ནུས་མཐུ་ཆེ་གསུངས་ནས། མ་དྷ་ནའི་མགྲོན་དང་། སྤ་དར་སོགས་གསོལ་རས་བསྩལ། སྔགས་པས་ཕྱག་འཚལ་ཞིང་ཁྱོད་རྡོ་རྗེ་གཞོན་ནུ་དངོས་དང་རྣམ་དབྱེར་མ་མཆིས་པ། ཕྲན་བདག་གིས་འགྲན་པར་ག་ལ་ནུས། སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། ཞུས་ཚུལ་དང་ཡང་