R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༥༨
[A:༥༥༨]པར་གསུངས་ན་གནས་ངེས་མེད་དུ་གནང་བ་ལ། ཉེས་སྐྱོན་མི་འབྱུང་བ་གང་ཡིན་ཐེ་ཚོམ་ཟ་བ་ན། རྗེའི་གསུངས་ལས་དོན་ནུབ་གཏོར་འབུལ་སྐབས་མཆོད་དཔོན་མ་གཏོགས་སུ་གང་མ་འགྲོ་ཞིག ཕྱིན་ན་བཀའ་ཆད་ངེས་པར་འོང་གསུངས་པ། ཁྱིམ་དེའི་བུ་མོ་ཞིག་གིས་གསུང་དེ་མ་ཐོས་པར་གཏོར་མ་འབུལ་སར་ཕྱིན་པས་སྐས་ནས་ལྷུང་ཞིང་ལུས་ཀུན་བརྡབས་ཏེ་ཤི་ལ་ཁད་བྱུང་བ་དང་། སྐབས་ཤིག་ཆར་དཀོན་པས་དུས་མཆོད་དུ་རྗེ་ཉིད་ལ་ཆར་འབེབས་ཞུས་པར། གནོད་སྦྱིན་རྩི་དམར་དྲུང་དུ་གསེར་སྐྱེམས་གཏོར་མ་སོགས་བཤམས་ཏེ། དུས་མཆོད་ཡང་སྟེང་ཕེབས་ཞོར་དུ། རྒྱལ་ཁང་དུ་ཕེབས་ནས། ཕྱག་མཛུབ་སྒྲེང་ཏེ། རྩི་དམར་ཟེར་བའི་བརླག་དམར་སྡུག་དམར་ཁྱོད་བོད་འབངས་སྐྱིད་སྡུག་མི་ཤེས་གང་རེད། ལོ་ཏོག་ཐན་པས་བརྡུངས་ནས་གང་བཟའ། ཁྱོད་ལ་མཐུ་ནུས་ཡོད་ན་ང་ཡི་སྦྱིན་པའི་གཏོར་ཟོ་ལ། ཉི་མ་དེ་རིང་ནས་བཟུང་སྟེ་ཆར་མ་ཕབ་ན། ངེད་གཉིས་གཏན་དུ་འཆམ་མི་ཡོང་ངོ་ཞེས་གསུངས་ནས་སྟེང་དུ་ཕེབས་ནས་དཔོན་སློབ་རྣམས་ཁྲུང་གཞས་ལ་རོལ། དེ་ནས་ཉི་མ་ཕྱེད་ཡོལ་ཙམ་ནས་བཟུང་ཞག་བདུན་ཙམ་ནམ་ཉིན་ལྟོས་མེད་ཆར་ཟིམ་བུར་བབས་པས་ལོ་ཏོག་ལ་ཤིན་ཏུ་ཕན་པ་བྱུང་ཚུལ་ཀྱང་འདུག ཡང་སྐབས་ཤིག་གང་གི་སྐུ་མཆེད་འཇམ་མགོན་ཀུན་དགའ་རྒྱལ་མཚན་གྱི་ནང་རྟེན་དངུལ་སྐུ་རྡོ་རྗེ་འཆང་འདི་ཉིད་བཞེངས་གྲུབ་ནས། རབ་གནས་རྗེ་ཉིད་ནས་གནང་བའི་སྔ་དྲོར་རྗེ་ཉིད་ཐུགས་ཅུང་ཟད་ཁྲོ་ཚུལ་བཞེས་ཏེ། ཞབས་འབྲིང་པ་ཀུན་ལ་བཀའ་བཀྱོན་ཅུང་ཟད་དང་བཅས་ཁྱོད་རྣམས་ཀྱིས་ངེད་བླ་