R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༦༤
[A:༥༦༤]སོགས་ལ་གསུང་ངག་ཚོགས་བཤད་སྔ་ཕྱི་ཚར་བཞི་ཙམ་སྨིན་གྲོལ་བྱིན་རླབས་རིགས་པོད་དམར་སེར་སོགས་རྒྱབ་རྟེན་ལུང་བཅས་གནང་བ་དང་། གཞན་ཡང་དབང་རྗེས་གནང་ཁྲིད་ལུང་ལ་སོགས། རྒྱ་ཆེར་བསྩལ་བའི་གསུང་ལས་སྐྱེས་པའི་སློབ་མའི་ཚོགས་ཀྱང་སྲིད་དང་ཆོས་ཀྱི་བུ་འཁོར་རྡོ་རྗེ་རིན་ཆེན། ཐེག་ཆེན་བཀྲ་ཤིས་རིན་ཆེན། བདག་ཆེན་ཀུན་བསོད་སྐུ་མཆེད་སོགས་འདི་གའི་སྐུ་ངོ་རྣམས་དང་ཞྭ་ལུ་མཆོག་སྤྲུལ་བློ་གསལ་བསྟན་སྐྱོང་། དཔལ་རྒྱུན་གྱི་དབང་པོའི་ཆོས་གྲྭ་ནས་གཟིམ་འོག་སྤྲུལ་སྐུ་བསྟན་འཛིན་སྙན་གྲགས། ཐར་རྩེ་མཁས་གྲུབ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་སོགས། དེ་དུས་ཀྱི་མཁན་ཞལ་ཕལ་ཆེ་བ་མདོ་སྨད་ནས་ཡོངས་རྫོགས་བསྟན་པའི་སྣང་བྱེད་འཇམ་དབྱངས་མཁྱེན་བརྩེ་དབང་པོ། སྡེ་དགེ་ས་སྐྱོང་བླ་མ་བྱམས་པ་ཀུན་དགའ་སངས་རྒྱས་པ་ཡུམ་སྲས་སོགས་དང་གདན་ས་ཆེན་པོ་འདི་ཡིན། དེ་སྐབས་ཀྱི་ཡུམ་རྗེ་བཙུན་མཁན་ཆེན། དཔོན་སློབ། བན་ཚང་བ། བཀའ་རམས་པ་སོགས་དང་དེ་དུས་ཀྱི་རང་ལུགས་དགོན་ཁག་ཕལ་ཆེ་བ་རྣམས་དང་། སྲིད་སྐྱོང་མཚོ་སྨོན་གླིང་པ་སོགས་ཀྱི་བླ་མ་སྤྲུལ་སྐུ་ཁག་དང་། གུང་བཀའ་མདའ་རྩིས་གསུམ་སོགས་སྐུ་དྲག་རིགས་དང་གྲྭ་ས་སེ་འབྲས་དགེ་གསུམ་སོགས་ཀྱི་བླ་མ་དགེ་བཤེས། ཕལ་པ་རང་ག་བ་སོགས་དེ་དུས་ཀྱི་ཐོག་མཚུངས་པ་དྲག་ཞན་ཕལ་ཆེ་བས་ཞབས་རྡུལ་སྤྱི་བོར་བླངས་ཏེ། ཡང་སློབ་སོགས་རྒྱ་མཚོའི་གོས་ཅན་གྱི་མཐར་ཁྱབ་པར་གྱུར་པ་དང་། རྩོད་པ་རྡོ་རྗེའི་མེ་ཆར་གྱིས་ལོག་ལྟའི་རི་བོ་བསྙིལ་བ་མཛད་པའི་ཚུལ་ཡང་། གཞོན་ནུའི་དུས་དཔོན་