R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༧༦
[A:༥༧༦]བྱོན་པ་དེ་ཉིད་ཐུབ་པའི་དངུལ་སྐུ་ཁྲུ་གང་ཙམ་གཅིག་གི་ནང་བཞུགས་པ་དེ་ཉིད་དུས་ཕྱིས་ངོར་ཨེ་ཝཾ་ཐར་རྩེར་བྱུང་བ། ཐར་རྩེ་ནམ་མཁའ་འཆི་མེད་ཀྱིས་འཇམ་མགོན་ཀུན་བློར་ཕུལ་བ་ཁྱད་འཕགས་བྱང་དུ་བཞུགས་པ་འཁྲུལ་མེད་རྩ་ཆེན་དེ་ཉིད་གདུང་རྟེན་འདི་ཉིད་ཀྱི་བུམ་ནང་གཟུངས་གཞུག་གི་གཙོ་བོ་བཞུགས་པའི་རིང་བསྲེལ་རྣམ་བཞི་སྤྱི་དང་། གོང་གི་སྤུར་ཚ་སྐུ་སྤར་སོགས་གོང་འོག་མ་འཁྲུལ་བ་བཞུགས་པ་དང་། སྔོན་བྱོན་གོང་མའི་ཕྱག་ལེན་བཞིན་དྲི་མེད་རྣམ་གཉིས་དཀྱིལ་འཁོར་སྒྲུབ་མཆོད་གྲངས་མང་དང་འགྲེལ་བའི་སྟེང་སྲོག་ཤིང་འཛུགས་ཆོག་དང་ཞབས་སུ་གནོད་སྦྱིན་འཁོར་ལོའི་མཐར་རྟེན་པ་བཞུགས་པའི་གཙུག་ལག་ཁང་དུ་ས་རྒྱན་གནམ་རྒྱན་ནོར་བུའི་དྲ་ཕྱེད་རྒྱབ་ཡོལ་ལམ་ཤོག་པར་གྲགས་པ་རྣམས་གོས་བཟང་འབའ་ཞིག་ལས་གྲུབ་པ་གདུང་རྟེན་བུམ་ལོང་སོགས་ལ་རིན་ཆེན་དུ་མའི་དོ་ཤལ་ཕྲ་རྒྱན་གྱིས་ཕྱུག་པ། མཆོད་རྫས་དངུལ་གྱི་མཎྜལ་ཤིན་ཏུ་ཆེ་བ་དངུལ་ཏིང་འགྱེར་ཁ་ཚ་གསེར་མ་རེ་ལ་འབྲུ་བྲེ་ལྔ་ཙམ་འགྲོ་ཚོད་བདུན་ཚར་སོགས། མདོར་ན་དགོངས་རྫོགས་ཀྱི་འགྲོ་སོང་ཚང་མ་དེ་དུས་དངུལ་ཐོག་ཕབ་པ་དངུལ་སྲང་ལྔ་སྟོང་བརྒལ་ཙམ་ཟིན་འདུག་ཀྱང་། དེང་སང་ཡིན་ན་དངུལ་སྲང་ཉིས་ཁྲི་ཙམ་གྱི་ཚད་གནས་ཤིང་། གཞན་ཡང་ལོ་དུས་ཀྱི་དགོངས་རྫོགས་སྔ་དུས་བདེ་ཀྱཻ་གསང་གསུམ་འཇིགས་བྱེད་རྣལ་འབྱོར་མ་བདག་མེད་མ་གཤེད་དམར་ཕུར་པ་གཙོ་བོ་བཅས་དང་། ཆོས་སྡེ་ལྷོར་ཚེ་ཆོག་རྣམ་རྒྱལ་ཀུན་རིག་སོགས་ཆོག་མང་གཞིར་བཞག་མཛད་དེ། ཚུལ་གྲོལ་ཡང་བདུན་གཅིག་ཙམ་གནང་བ་ཡིན་