R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༧༥
[A:༥༧༥]བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷ་སྐུ་སྤར་ཇི་སྙེད་བསྐྲུན་ཏེ་ཚང་མར་གསེར་གསོལ་དང་བཅས་རབ་གནས་བསྡུས་ཙམ་གནང་ནས་མཆོད་སྤྲིན་དབུས་སུ་བཞུགས་སུ་གསོལ། དེ་ལྟར་སྐུ་སྤུར་ཕེབས་ཉིན་དང་དགུང་ཞག་སོ་སོར་མང་འགྱེད་དང་སྐྱབས་མགོན་རྒྱལ་དབང་ཡབ་སྲས་ཀྱིས་མཚོན་བླ་སྤྲུལ་ཁག་ལ་བསྔོ་རྟེན་དང་དགོན་ཁག་དུ་མར་དགོངས་རྫོགས་རྒྱ་ཆེར་གནང་ཚུལ་ཞིབ་ཏུ་རྟོགས་པར་འདོད་ན། ནང་ཆེན་བླ་མ་དཔལ་བཟང་རྒྱལ་མཚན་གྱིས་མཛད་པའི་ཡབ་རྗེ་མཆོག་གི་རྣམ་ཐར་དང་། དེར་མ་གསལ་བ་རྣམས་དེ་སྐབས་ཀྱི་ཐོ་གཞུང་སོགས་ལས་རྟོགས་པར་བྱ་བ་ཁོ་ན་ལས་འདིར་ཡིག་ཚོགས་ཧ་ཅང་མང་བས་མ་བྲིས་ཤིང་། སྤུར་ཚ་སྐུ་སྤར་སོགས་བཞུགས་པའི་ནང་རྟེན་རྣམ་རྒྱལ་མཆོད་རྟེན་གསེར་དངུལ་སྦྲགས་མ་ཁྲི་གདན་མན་ཆད་གསེར་ཟངས་ལས་གྲུབ་པ་རྒྱུ་ཚོགས་ཆེ་ཞིང་བཟོ་ལེགས་པ། ད་ལྟ་ལྷ་ཐིལ་གདུང་རྟེན་ནུབ་དུ་གྲགས་པའི་བྱང་ངོས་བཞུགས་པ་འདི་བཞིན་ཐུགས་སྲས་བདག་ཁྲི་མངྒའི་མཚན་ཅན་མཆོག་ནས་གསར་བཞེངས་མཛད་པ་དེའི་ནང་གཟུངས་ལ་བླ་ཆེན་འཕགས་པ་རིན་པོ་ཆེའི་དངོས་སློབ་ཞང་བརྩོན་འགྲུས་འབར་རམ་འཇམ་དབྱངས་སྔོན་པོར་གྲགས་པས་བླ་ཆེན་འཕགས་པ་རིན་པོ་ཆེའི་གདུང་ཁང་ཁ་མ་ཕྱེ་བ་ལ་ཡུས་ཀྱི་ངང་ཕྱག་གྱང་འགྱེལ་བ་ལྟར་འཚལ་ཏེ་གསོལ་བ་བཏབ། གདུང་ཁང་ནས་སོལ་བ་དང་སྤུར་རུས་སྦྲེལ་རྟོག་གཅིག་འཕུར་བྱུང་བ་ལ་སླར་གསོལ་བ་བཏབ་སྟེ། སོལ་བ་རྣམས་སོར་མོས་བྲད་པས་སྤུར་རུས་ལ་རིགས་ལྔའི་བཞེངས་སྐུ་ཤིན་ཏུ་གསལ་བ་རང་བྱོན་དུ་