R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༧༧
[A:༥༧༧]ཚོད་དང་ཕྱིས་སུ་བྱང་པ་ཚོགས་ཡོངས་ནས་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་དང་བྲག་བྱ་སྐྱེད་ལྷས་པ་རྣམས་ནས་ནཱ་རོ་མཁའ་སྤྱོད་མའི་སྒྲུབ་མཆོད་དང་དུས་ཆེན་སྐབས་གསེར་ཚོགས་སོགས་སྔོན་ལམ་དང་ཟླ་དུས་ཀྱི་མཆོད་པ་བན་ཚང་པས་བླ་མཆོད་བཅས་འཛུགས་པར་མཛད་པ་འདི་རྣམས་དང་གདུང་རྟེན་གྱི་རབ་གནས་སོགས་རྡོར་སློབ་ཐུགས་སྲས་མངྒའི་མཚན་ཅན་ཉིད་ནས་མཛད་ཅིང་། རབ་སྟོན་སོགས་རྒྱས་པར་མཛད་ཚུལ་རྣམས་གོང་ཡབ་རྗེ་དབང་སྡུད་སྙིང་པོའི་གདུང་རྟེན་གྱི་རབ་སྟོན་ཇི་ལྟ་བ་བཞིན་མཛད་དོ། །འདི་དག་ཀྱང་བླ་མ་ཡོངས་བཟུང་གི་རྒྱུད་ལས། བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་རྣམས། །ངེས་པར་བཟུང་ནས་མཆོད་པ་བྱས་གྱུར་ན། །བསྐལ་པ་སྟོང་དུ་བསགས་པའི་སྡིག་དག་སྟེ། །ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། །ཞེས་རྒྱ་ཆེར་གསུངས་པ་རྣམས་ཐུགས་སུ་འཆང་སྟེ་ཐུགས་སྲས་དམ་པ་མངྒ་ལམ་རཏྣའི་མཚན་ཅན་ཉིད་ནས་ཐུགས་ཁུར་ཆེར་བཞེས་མཛད་རྐྱེན། ཕྱིས་ཀྱི་བདག་ཁྲི་ཞིག་ལ་འདི་ཁོ་ན་དགོངས་རྫོགས་སྟོབས་ཆེ་བར་མངོན་ནོ། །དེ་རྣམས་ཀྱི་བདག་ཆེན་ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག་གམ། ཀུན་དགའ་བཀྲ་ཤིས་སམ་མཐུ་སྟོབས་བསྟན་འཛིན་སོ་སོའི་རྟོགས་བརྗོད་སྒྲོ་སྐུར་དང་བྲལ་བ་མདོ་ཙམ་བསྟན་ཟིན་ནོ། ། ༥ ཀུན་དགའ་རིན་ཆེན། དེ་ནས་རྒྱལ་ཡུམ་རྟ་ནག་རང་བྱོན་མ་སྐལ་བཟང་ལྷ་ཡི་བདེ་སྐྱིད་བུ་