R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༧༨
[A:༥༧༨]ཁྲིད་ཀྱི་གདུང་སྲས་གཉིས་པ་ཡབ་རྗེ་ཀུན་དགའ་རིནཆེན་ནི། ཡབ་རྗེ་འགྲོ་མགོན་དབང་སྡུད་སྙིང་པོ་དགུང་གྲངས་སོ་གཉིས་པ་ཀུན་དགའ་ཞེས་པ་ཤིང་ཕོ་སྟག་གི་ལོའི་ཟླ་ཚེས་ལ་ཡུམ་ལ་གནོད་པ་མེད་པར་བདེ་བར་བལྟམས་ཤིང་། སྐུ་ལུས་ལ་རཀ་ཞག་གི་ཐིག་ལེ་ཐལ་ཆེན་གྱི་རྒྱས་བཏབ་པའི་རྗེས་དང་། སྐུ་སྨད་སྟག་རིས་ཅན་འཁྲུངས་ཙམ་ཉིད་ནས་རང་བྱུང་དུ་ཡོད་པར་གྲགས་ཤིང་། དུས་མཆོད་བླ་བྲང་པའི་གདུང་རིགས་འཁྲུལ་མེད་ལ་དེ་ལྟར་བྱུང་ལུགས་གསུངས་པ་བཞིན་སྐུ་སྨད་སྟག་ཤམ་གྱི་རྗེས་ནི་ཡབ་རྗེ་སྐུ་མཆེད་སོགས་ད་བར་གདུང་བརྒྱུད་ཕལ་ཆེ་བར་ཡོད་ཚུལ་གསུངས་སོ། །ཡབ་རྗེ་རྡོ་རྗེ་འཆང་ནས་མཚན་ངག་དབང་ཀུན་དགའ་རིན་ཆེན་དུ་གསོལ་ཞིང་། གཞན་ནས་མཚན་འདི་ལ་བརྟེན་ནས་སྔགས་འཆང་ཆེན་པོ་དང་སྒར་ཆེན་མཐུ་སྟོབས་དབང་ཕྱུག་སོགས་ཀྱི་རྣམ་འཕྲུལ་དུའང་བྱེད་དོ། །འཁྲུངས་སྟོན་སྔོན་ལམ་ཡུལ་ཆེན་བན་ཚང་པས་མདོས་ཆེན་ཟབ་རིས་འཆམ་གཟིགས་དགའ་སྟོན་ཀྱང་གཟབ་པར་གནང་ངོ་། །འདི་སྐུ་ན་ཕྲ་མོའི་དུས་ཡབ་རྗེ་མཆོག་ནས་དབང་རྗེས་གནང་སོགས་དང་ཁྱད་པར་གནས་ལྔ་རིག་པའི་མ་ཧ་པཎྜི་ཏ་ཀུན་དགའ་བཀྲ་ཤིས་ཉིད་གོང་ཡབ་རྗེ་པདྨའི་མཚན་ཅན་གྱི་རྣམ་ཐར་སྐབས་སུ་བཤད་པ་བཞིན་སྐུ་མཆེད་རྣམས་ཀྱི་ཡོངས་འཛིན་དུ་བསྟེན་ཏེ། ཡི་གེ་ཕྱི་མོ་འབྲི་ཀློག་སྙན་སུམ་སོགས་རིག་གནས་ལ་སྦྱངས་པ་རྒྱ་ཆེར་མཛད་ཅིང་བར་སྐབས་རྣམས་སུ་ཡབ་རྗེ་སོགས་དམ་པ་རྣམས་ལས་དབང་ཁྲིད་གདམས་པ་མང་དུ་གསན་ཚུལ་རྣམས་སྡེབ་གཅིག་ཏུ་སྨོས་ན། ཡབ་རྗེ་རྡོ་རྗེ་