R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༨༥
[A:༥༨༥]བདག་ཁྲི་མཆོག་དང་མཉམ་དུ་ཁྲི་ཕེབས་གསར་མཇལ་དུ་ཕེབས་ཏེ། གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོ་དང་སྲིད་སྐྱོང་སྨིན་གླིིང་པ་སོགས་མཇལ་ཕྱག་ཇི་ལྟར་མཛད་ཚུལ་རྣམས་དང་། དབུས་ལྷོར་གནས་རྟེན་མཇལ་མཆོད་འབུལ་སོགས་དང་། ཡར་ལམ་པཎ་ཆེན་རིན་པོ་ཆེ་བློ་བཟང་བསྟན་པའི་ཉི་མའི་མཇལ་ཕྱག་སོགས་ཇི་ལྟར་མཛད་ཚུལ་རྣམས་གོང་གཅེན་པོའི་ལོ་རྒྱུས་སྐབས་བཞིན་དང་ཞིབ་ཏུ་རྟོགས་པར་འདོད་ན་དབུས་ཕེབས་དེ་སྐབས་ཀྱི་བཅའ་ཡིག་ཡབ་རྗེ་པད་མ་བདུད་འདུལ་དབང་ཕྱུག་གིས་མཛད་པའི་བླང་དོར་གསལ་བའི་མེ་ལོང་བཞིན་དང་དེ་དང་རིང་མིན་རྗེ་ཉིད་ནས་ཕུན་ཚོགས་ཕོ་བྲང་གསར་བསྐྲུན་གྱིས་དེར་བདག་ཡུམ་ཉི་ཟླ་དབང་མོ་དང་བཅས་བཞུགས་རྒྱུའི་སྒོ་དོད་ཅིང། འདི་སྐབས་ཙམ་ལ་ཇི་སྐད་དུ། ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེའི་འཁོར་དུ་གཏོགས་པའི་དམ་ཅན་རྣམས། །ཞེས་སོགས་གསུང་པ་ལྟ་བུས་ཞབས་འབྲིང་པ་དག་གི་བྱེད་པས་སྐུ་མཆེད་བར་ཕྲན་བུའི་སེལ་ཞུགས་བྱུང་བ་ཡིན་ཤག སྐུ་ཞང་རྟ་ནག་རང་བྱོན་ས་དབང་ནས་བར་སྡུམ་གྱི་དོན་སྙིང་བླ་བྲང་སོ་སོར་བཞུགས་ཀྱང་ས་གཞུང་དང་ཐུགས་འདོད་གཅིག་གྱུར་དགོས་པ་དང་བདག་འགན་འཁུར་སྐུ་ཐོག་དུས་གཅིག་གི་བགྲེས་པ་ཁོ་ནས་བཞེས་དགོས་པ་སོགས་དང་། དེ་སྐབས་ཀྱི་ཕན་ཚུན་བར་དཀྲུག་ཤིང་བྱས་ཏེ་སེ་རའི་དྲུང་རམས་པ་ཞེས་པའི་རྐང་ཉྭ་བྲེགས་ཤིང་ཀུན་བྱང་རྒྱ་བླ་བ་སོགས་འགའ་ཞིག་གདན་སར་ཡོང་མི་ཆོག་པ་སོགས་མཛད་ཚུལ་ཡོངས་གྲགས་དང་སྡུམ་ཁྲ་འདྲ་