R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༨༦
[A:༥༨༦]གཉིས་སོ་སོར་དམ་ཕྲུག་སྦྱར་མ་ཡོད་སྐད་ཀྱང་། འདྲ་གཅིག་དེ་སྐབས་ཡིག་ཚང་བཀའ་ཁོང་ན་ཡོད་ཚུལ་གླེང་བ་ལས་ད་ལྟ་ནི་གར་ཡོད་མི་སྣང་། དེ་སྐབས་ཙམ་ལ་ཡིན་ནམ་གཅུང་པོ་ཀུན་རིན་ཉིད་ས་མཛོད་ལས་འཁུར་མཛད་ཅིང་། དངོས་དཔལ་ལེགས་ནས་གཉེར་འཁྲི་ལས་འཁུར་གནང་སྟེ་སྐུ་ངོ་རང་སོ་སོར་ཕེབས་པ་ལོ་ཤས་མཛད་ཚུལ་གླེང་བ་ཡང་ཐོས་ཤིང་རྗེ་དེ་ཉིད་ཀྱིས་བཏབ་པའི་ཕུན་ཕོ་བླ་བྲང་སྔོན་ཡོད་དེ་བཞིན་སྒྲོལ་སྟོང་འདྲ་ཅོག་ཞིག་གི་ཤོད་ཀྱི་བཀའ་འགྱུར་ལྷ་ཁང་ཀ་དྲུག་ཏུ་གྲགས་པ་དང་། ཨོ་རྒྱན་ལྷ་ཁང་ནས་རྗེ་དེ་ཉིད་ནས་གསར་བཞེངས་གསེར་དངུལ་དྲ་མའི་གུ་རུ་རིན་པོ་ཆེ་གཙོ་འཁོར་གསུམ་དང་། སྨན་འདམ་ལས་གྲུབ་པའི་གུ་རུ་མཚན་བརྒྱད། ཡབ་རྗེ་དཔལ་ལྡན་ཆོས་སྐྱོང་ལྔ་རིག་ཀུན་བཀྲས་སོགས་ཀྱི་འདྲ་སྐུ་སོགས་བཞུགས་པ་དང་དེའི་ཕུར་དབང་ཁང་བཅས་དང་། དེའི་ལྷོར་མགོན་ཁང་མདོ་ཕུགས་ཅན་གྱི་ནང་མེ་རིས་འབུར་དོད་ཀྱི་དབུས་ན་བཞུགས་པའི་དཔལ་ལྡན་ལྷ་མོ་རྗེ་ཁོལ་ཟུང་གི་སྐུ་སྨན་འདམ་ལས་གྲུབ་པ། འཁོར་རྣམས་ཀྱི་ཞལ་འབག་དང་བཅས་པ་བཞུགས་པའི་སྐུ་གཟུགས་རྣམས་ལ་རིང་བསྲེལ་རྣམ་བཞི་སྤྱི་དང་ཁྱད་པར་གྱི་ནང་གཟུངས་རབ་གནས་བཅས་མཛད་པ་དང་། གཞན་ཡང་གཟིམ་ཆུང་ལྷོ་དང་། དཔལ་འབྱོར་རྒྱ་མཚོ་རྩེ་ཐབས་སོགས་སྔ་དུས་དང་གཞན་ཕལ་ཆེར་རིམ་བཞིན་རྗེས་འཕར་ཡིན་འདུག་པ་བཅས་དང་རྗེ་འདི་ཉིད་ཀྱིས་ཐོས་བསམ་ཇི་ལྟར་མཛད་པའི་ཚུལ་རྣམས་སྔོན་དུ་རགས་ཙམ་སོང་བ་དང་། བསྙེན་སྒྲུབ་གོང་དུ་སོང་བ་རྣམས་ཀྱི་སྟེང་ཚེ་སྒྲུབ་རིགས་ཁ་ཤས་དང་གུར་དྲག་