R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༩༤
[A:༥༩༤]སྐད་རྣམས་ཀྱང་གཞི་ཐོག་སོགས་སུ་བཞུགས་དུས་བཞིན་ཞབས་འབྲིང་རྣམས་ནས་བརྒྱབ་ཐོག གསོལ་གོང་མའི་གསོལ་ཇའི་གོང་དུ་གསོལ་ཚིགས་འདེབས་དགོས་སོགས་སྔོན་སྲོལ་བཟང་པོ་རྣམས་སྐུ་མ་གཤེགས་ཀྱི་བར་ལ་མཛད་ཚུལ་ཀྱང་གླེང་། གཞན་ཡང་ཕུར་སྒྲུབ་ཆེན་མོའི་ཚོགས་དབུས་སུ་གསུངས་བཤད་དང་དེ་ནས་ཟོར་ལས་རྣམས་རིམ་པར་མཛད་ཅིང་དགུང་གྲངས་ཉེར་དྲུག་པ་ཆུ་མོ་ལུག་གི་ལོར་གཅེན་པོ་སྐུ་མཆེད་དབུས་ཕེབས་སྐབས། རྗེ་ཉིད་ནས་གདན་ས་འདི་ཉིད་ཀྱི་ཁྲི་ཚབ་མཛད་དེ་གཙོ་བོར་ཆོས་སྡེ་ལྷོ་བྱང་ལས་ཁུངས་ཁག་གི་སྒྲིགས་ལམ་ཀུན་སྤྱོད་རྣམས་ལ་དག་ཞུར་ཡང་ཡང་མཛད་དེ། ཁྲིམས་འཁུར་རྣམས་ལ་བྱ་དགའ་དང་ཁྲིམས་འགལ་བྱེད་པར་ཆད་ལས་དྲན་འཛིན་སོགས་ཀྱང་ཅུང་ཟད་གནང་ངམ་སྙམ་ཞིང་། དེ་ནས་རིང་མིན་དབུས་ཕེབས་འཁོར་ཏེ། རྗེ་ཉིད་ཕུན་བདེར་བཞུགས་ཏེ་ཐུགས་གཉེར་དང་གསན་སྦྱོང་བསྙེན་སྒྲུབ་སོགས་ལ་ཐུགས་གཞོལ་སྐད་དང་། ཚེ་དབང་བྱད་གྲོལ་རྟ་ཕྱག་ཁྱུང་གསུམ་གུར་དྲག་སོགས་རྗེས་གནང་འགའ་ཞིག་ལམ་འབྲས་དབང་ལུང་ཉམས་ཁྲིད་སོགས་འཆད་སྤེལ་ནི་ཆེ་བར་མ་གནང་ཞིང་། ཕེབས་འགྲུལ་ལན་ཁ་ཤས་ཕེབས་ཚོད་དབུས་གནས་ལྷོ་མཇལ་བསྐྱོད་དུ་ཕེབས་སྐབས་ཤིག་ལ་གཞུང་ས་མཆོག་སོགས་གཞན་ཞུས་དང་རང་ཉིད་ཀྱི་དགོངས་དཔྱད་ཇི་ལྟར་ཡིན་རུང་ཆོས་འཁོར་དཔལ་གྱི་བསམ་ཡས་སུ་རབ་གནས་རྒྱས་པར་མཛད་དུས་ནམ་མཁའ་འཇའ་སྤྲིན་གྱིས་གང་ཞིང་། མེ་ཏོག་གི་ཆར་བབ། འོད་གསལ་གྱི་སྣང་ངོར་སློབ་དཔོན་རིན་པོ་ཆེས་ཞལ་དངོས་སུ་