R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༩༥
[A:༥༩༥]བསྟན་ཅིང་ལུང་བསྟན་དབུགས་དབྱུང་བསྩལ་བ་བྱུང་ཞིང་། དངོས་སུ་དཀོར་བདག་བསམ་ཡས་ཆོས་སྐྱོང་ཆེན་པོས་འཕྲིན་ལས་ཅི་གསུངས་འགྲུབ་པ་ཁས་བླངས་པ་དང་། དེ་ནས་གདན་སར་ཕེབས་ནས་ཕུན་བདེར་བཞུགས་སྐབས་རྒྱུན་དུ་ཐུགས་དམ་གྱི་མཐིལ་གུར་དྲག་མཛད་ཅིང་། ཟླ་རེ་བཞིན་ཡར་མར་གྱི་ཚེས་བཅུ་རྣམ་གཉིས་སོགས་ལ་བྱང་གཏེར་ཐུགས་སྒྲུབ་གསོལ་འདེབས་ལེའུ་བདུན་མ་ཚོགས་མཆོད་རྒྱུན་གཏན་མཛད་ཚུལ་འདུག་པ་དེ་ལྟའི་སྐབས་ཤིག་ལ་འོད་གསལ་དག་པའི་སྣང་བར། པདྨ་འོད་ཀྱི་ཞིང་ཁམས་འཇའ་འོད་ཀྱིས་གང་བ་དངོས་སུ་གཟིགས་པའི་གཞལ་མེད་ཁང་བརྩེགས་ཀྱི་ནང་དུ་གུ་རུ་ཞི་དྲག་སོགས་རྩ་གསུམ་རྒྱ་མཚོའི་ལྷ་ཚོགས་དཔའ་བོ་མཁའ་འགྲོ་དང་བཅས་པ་གཟིགས་སྣང་དུ་ཤར་བ། གདམས་པ་དང་ལུང་བསྟན་སོགས་སྩོལ་ཡོད་འགྲོ་ཡང་ལོ་རྒྱུས་གསལ་བར་མ་མཐོང་ཞིང་། གཟིགས་སྣང་དེ་དག་ཞབས་འབྲིང་པ་འགའ་ཞིག་ནས་ཀྱང་མཐོང་ཚུལ་ཟེར་བ་བརྟག དེ་ལྟ་བུའི་སློབ་དཔོནརིན་པོ་ཆེས་དངོས་སུ་རྗེས་སུ་བཟུང་བའི་གྲུབ་པའི་དབང་ཕྱུག་དེ་ཉིད་དགུང་གྲངས་བདུན་ཅུ་དོན་གཉིས་བར་དུ་བཞུགས་ཏེ་གདུལ་བྱ་རྣམས་གང་ལ་གང་འདུལ་གྱི་ཚུལ་དུ་རྗེས་སུ་བཟུང་། ལོ་དེ་ཉིད་ཀྱི་ཟླ་བ་བརྒྱད་པའི་ཚེས་བཅོ་བརྒྱད་ལ་གཟུགས་སྐུའི་བཀོད་པ་པདྨོ་བཀོད་ཀྱི་ཞིང་ཁམས་སུ་བསྡུས་པའི་ཚུལ་བསྟན་ཏོ། །དགོངས་རྫོགས་ཞབས་འཇུག་རྣམས་ཕུན་བདེ་བླ་བྲང་ནས་ཕལ་ཆེར་ཕུན་ཕོས་ཡབ་རྗེ་ཀུན་རིན་གྱི་ལམ་ལྟར་འགྲུབ་པར་མཛད་ཅིང་། ནང་རྟེན་དུ་གུ་རུ་རིན་པོ་ཆེའི་སྣང་བརྙན་ངོ་མཚར་ཆེ་བ་