R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༩༦
[A:༥༩༦]རིན་ཆེན་སྣ་ཚོགས་ཀྱི་ཕྲ་རྒྱན་བཅས་ད་ལྟ་ལྷ་ཆེན་ཁྱམས་སྟོད་ཀྱི་མཆོད་སྡོང་འཛམ་གླིང་འོད་གསལ་གྱི་གཡས་ཕྱོགས་ངོས་ཀྱི་ཀ་དྲུང་ན་བཞུགས་པ། འདི་བཞིན་རིང་བསྲེལ་རྣམ་བཞི་སྤྱི་དང་བྱེ་བྲག་གི་གཟུངས་བརྫང་རབ་གནས་རྒྱས་པ་མཆོད་ཚོགས་བཅས་བཞུགས་པ་འདི་ཉིད་ཡིན་ཅིང་ལོ་དུས་ཀྱི་མཆོད་པ་དེ་སྔ་ཆོས་བྱང་ཚོགས་ཡོངས་ནས་དགེས་རྡོར་སྒྲུབ་མཆོད་ཚུལ་གྲོལ་ཉིན་ལྔ་ཟབ་མ་དང་། ཆོས་ལྷོར་དུས་ཆེན་དང་། བཟང་གོས་འབའ་ཞིག་གི་མཆོད་ཕྲེང་བཅུ་གཅིག་མཚན་པ་ཞབས་བསྐོར་རྒྱས་པ་བཅས་མཛད་པ། གཞན་ཡང་རྗེ་དེ་ཉིད་ཀྱི་གདན་ས་ལྟ་བུ་ཆོས་འཁོར་ལྷུན་པོའང་སྔོན་སྐྱབས་རྗེ་དེ་རང་བཞུགས་དུས་བཀའ་འགྱུར་གསུང་སྒྲོགས་སོགས་ལོ་ལྟར་གནང་བ་དང་། དགོངས་རྫོགས་དགེས་རྡོར་སྒྲུབ་མཆོད་ད་ལྟའི་བར་ཡོད་སྐད་ཐོས་པ་བཅས། དེ་རྣམས་ཀྱི་མགོན་པོ་དངོས་གྲུབ་དཔལ་འབར་གྱི་རྟོགས་བརྗོད་རྣམ་ཐར་སྒྲོ་སྐུར་དང་བྲལ་བ་ཅུང་ཟད་སྤྲོས་ཟིན་ཏོ། ། ༧ ངག་དབང་ཀུན་དགའ་རྒྱལ་མཚན། དེ་ནས་ཡང་བདག་ཆེན་དཔལ་ལྡན་ཆོས་སྐྱོང་ངམ་དབང་སྡུད་སྙིང་པོའི་བཙུན་མོ་ཡོངས་གྲགས་ཀྱི་གསུམ་པ། རྟ་ནག་རང་བྱོན་མ་བགྲེས་གཞོན་གཉིས་ལས་ཆུང་བ་རྒྱལ་ཡུམ་དམ་པ་དམ་ཚིག་སྒྲོལ་མ་ལས་རིགས་མྱུག་གཉིས་འཁྲུངས་པའི་ཆེ་བ་འཁོན་གདུང་ངག་དབང་ཀུན་དགའ་རྒྱལ་མཚན་ནམ་རིན་ཆེན་ཚུལ་ཁྲིམས་དབང་ཕྱུག་ཏུ་གྲགས་པ་ནི། ཡབ་རྗེ་དབང་གི་