R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༩༧
[A:༥༩༧]མཚན་ཅན་ཉིད་དགུང་གྲངས་ཞེ་གཅིག་ཏུ་ཕེབས་པ་རྔ་ཆེན་ཞེས་པ་ཆུ་ཕོ་བྱི་ལོའི་ཟླ་ཚེས་དགེ་བར། དབུས་ཕེབས་སྐབས་ཡབ་གཞིས་ལྷ་ཀླུ་དགའ་ཚལ་དུ་ཡུམ་ལ་གནོད་པ་མེད་པ་བདེ་བར་སྐུ་བལྟམས་པ་ན། མཚན་ངག་དབང་ཀུན་དགའ་རྒྱལ་མཚན་རིན་ཆེན་ཚུལ་ཁྲིམས་དབང་ཕྱུག་ཏུ་ཡབ་རྗེ་མཆོག་ནས་གསོལ་བར་མཛད། རྗེ་བཙུན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ལས། རྫོང་ལུགས་སུ་གྲགས་པའི་ནང་ཚན་གོང་དཀར་བ་ཀུན་མཁྱེན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱི་ཡང་སྤྲུལ་དུ་ངོས་འཛིན་མཛད་ཅིང་། གཟིམ་ཆུང་ནང་མཇལ་སྐབས་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་བློ་བཟང་འཇམ་དཔལ་རྒྱ་མཚོའི་ཞབས་དྲུང་དུ་གཙུག་ཕུད་ཕུལ་ཏེ། སྐུ་པང་དུ་བཞེས་ཏེ་མཉེས་མཉེས་མཛད་ནས་མཚན་ངག་དབང་དགེ་ལེགས་རྒྱ་མཚོར་གསོལ་བར་མཛད་ཅེས་གྲགས་ཤིང་། འཁྲུངས་བསངས་དང་། འཁྲུངས་སྟོན་ལྷ་ལྡན་རང་དུ་མཛད་སྐད་དང་། དེ་ནས་ལྷོ་གནས་བརྒྱུད་ཡུམ་སྲས་རྣམས་གདན་སར་ཕེབས་སྐབས་ཕེབས་བྱམས་ཞུ་ཞུར་གྲགས་པ་འདི་ཉིད་བྱུང་ཚོད་དང་ཡབ་རྗེ་རྡོ་རྗེ་འཆང་ནས་བར་ལམ་ཡུམ་སྲས་གཉིས་ཆར་རྐྱེན་སེལ་དབང་རྗེས་གནང་མང་དུ་གནང་སྟེ། གདན་སར་ཕེབས་པ་ན་རིང་མིན་གནས་ལྔ་རིག་པའི་པཎྜི་ཏ་བལ་སྤེལ་ཁང་གསར་བ་ཀུན་དགའ་བཀྲ་ཤིས་དེ་ཉིད་གནས་ཀྱི་སློབ་དཔོན་དུ་བསྒོ་གནང་གིས་ཡོན་ཏན་གྱི་ཕྱི་མོ་འབྲི་ཀློག་སོགས་ལ་བརྩོན་པར་མཛད་ཅིང་ཡབ་མེས་གོང་མའི་བཞེད་སྲོལ་ཕྱིན་ཅི་མ་ལོག་པ་གདན་ས་ཆེན་པོ་འདི་ཉིད་ཀྱི་ཕྱག་ལེན་ལྟར་རྩ་རྒྱུད་བརྟག་གཉིས་ཀྱི་