R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༡༧
[A:༦༡༧]པས་ཞྭ་གཡབ་དང་ཀི་སྒྲ་ཕོ་བྲང་དུ་ཕེབས་ཚུལ་བཅས་འཁོད་མིན་ལ་མ་ལྟོས་པར་དེ་སྔ་མེ་སྟག་ལོར་ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད་ཀྱི་ལམ་ཇི་ལྟ་བ་བཞིན་མཛད་ནས། ངག་དབང་རྡོ་རྗེ་རིན་ཆེན་ཉིད་ཚོམས་དམར་དུ་རྒྱན་འགྲེམ་དང་བཅས་བླ་ཆེན་འཕགས་པ་རིན་པོ་ཆེའི་བཞུགས་ཁྲི་པདྨ་ཅན་ལ་མངའ་གསོལ་ཏེ། ཡབ་རྗེ་སྐུ་མཆེད། བླ་ཁག ལྷ་སྡེ་མི་སྡེ་བཅས་ནས་ལེགས་འབུལ་སོགས་སྔོན་ལམ་བཞིན་མཛད་གྲུབ་མཚམས། ཉེ་འཁོར་སོགས་ཆོས་གཞི་སོ་སོའི་གཞས་དང་། གཟིགས་འབུལ་རིགས་རིམ་བཞིན་ཟླ་གཅིག་ལྷག་ཙམ་གྱི་རིང་ལ་ཕུལ་ཡོད་ཅིང་། རིང་མིན་གཅེན་པོ་བདག་ཁྲི་རྡོ་རྗེ་རིན་ཆེན་མཆོག་དང། འཇམ་དབྱངས་ཐེག་ཆེན་དབང་སྡུད་བཀྲ་ཤིས་རིན་ཆེན་སྐུ་མཆེད་གཉིས་རྒྱལ་ཁབ་ཆེན་པོར་གསར་མཇལ་ཞུ་བར་སྔར་ལམ་ཕྱག་གཉེར་བན་ཚང་པ་ཇ་ཡས་ཇ་མས་སོགས་སྐུ་འཁོར་རྣམས་དང་བཅས་ཚལ་བཞག་སོ་སོར་སྒར་སྒྲིགས་ཀྱིས་ཆིབས་བསྒྱུར་ཚུལ་རྣམས་ཆུ་ལུག་ཡབ་རྗེ་སྐུ་མཆེད་ཀྱི་ཕེབས་ལམ་ཇི་ལྟ་བར་མཛད་ཚུལ་ལྷ་ལྡན་དུ་བཞུགས་མཚེར་གང་དུ་གནང་མི་གསལ་ཡང་གཞུང་ས་མཆོག་ནས་ཐབ་བསུ་ཕེབས་བསུ་རྩེ་ཤོད་མགྲོན་གཉེར་སོ་སོའི་ཇ་ཞུས་མཚམས་དར་བཅས་བསྩལ་བ་དང་། དེ་ནས་རིང་མིན་དེ་དུས་ཀྱི་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་བློ་བཟང་མཁས་གྲུབ་རྒྱ་མཚོ་དང་སྲིད་སྐྱོང་མཚོ་སྨོན་གླིང་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་ཟུང་གི་མཇལ་ཕྱག་ཁྲི་མཇལ་རྣམས་རིམ་པར་མཛད་དེ། མཎྜལ་རྟེན་གསུམ་མཇལ་དར་དངོས་སྐྱེས་ཀྱི་འབུལ་ཚན་སོགས་སྔར་ལམ་བཞིན་