R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༡༩
[A:༦༡༩]ཞིང་། གཞན་གཅེན་པོ་རྡོ་རྗེ་རིན་ཆེན་ནས་གསན་པའི་ཆོས་གོང་དུ་བཤད་པ་རྣམས་ནས་ཟབ་ཆོས་རེ་གཉིས་མ་གཏོགས་བདག་ཅག་གི་དཔལ་ལྡན་བླ་མ་དེ་ཉིད་ཀྱིས་ཀྱང་ཕལ་ཆེར་བུམ་པ་གང་བྱོ་གསན་པ་རྣམས་བདག་གིས་ཀྱང་གང་ཙམ་ཐོབ་པ་སྐལ་བ་བཟང་བར་མཆིས། ངག་དབང་རྡོ་རྗེ་རིན་ཆེན་འདི་ཉིད་ཁྲི་ཐོག་ལོ་གསུམ་བཞུགས་པ་དེ་བར་ཕུར་སྒྲུབ་མདོས་ཆེན་སོགས་སློབ་དཔོན་རྟག་པར་མཛད་ཅིང་། འདི་ཉིད་ཀྱི་སྒྲིགས་ལམ་ཀུན་སྤྱོད་རྣམས་ཉམས་མེད་ཁར་སྔ་ཕྱིར་ཉམས་གསོ་གསར་བཞེངས་ཀྱང་ལྷ་ཐིལ་མཐོང་ཡངས་ཀྱི་ཟངས་ཁྲ་ཁྱམས་ལྷོ་བྱང་གཉིས་ཀྱི་ལྕགས་ཁྲ་ཕུར་ཁང་། ཁྱམས་སྟོད་ཚོམས་ཆེན་ལྷོ་བྱང་སོགས་ཀྱི་ཚོགས་གདན་རིགས་ཉམས་གསོ་མང་དུ་གནང་ཞིང་། ད་ལྟ་གདུང་བརྒྱུད་རྣམས་ཟོར་ལས་མཛད་སྐབས་སོགས་ལ་འགྲེམ་པའི་འཇམ་མགོན་ཨ་མེས་ཞབས་ཀྱི་སྔགས་ཐང་རྙིང་གྲས་ཇི་ལྟ་བའི་སྔ་ཐང་གསར་བྲིས་འདི་རྣམས་འདྲེན་མཆོག་རྡོ་རྗེ་རིན་ཆེན་ཉིད་དང་། བཀྲ་ཤིས་རིན་ཆེན་ལྷན་རྒྱས་ཀྱིས་གསར་བཞེངས་ཡིན་ཚུལ་བརྗོད་པ་དང་། གཞན་ཡང་དབུ་རྩེ་སོགས་ཀྱི་རྒྱ་ཕིབས་ཀྱི་ཤིང་ཆ་བརྗེ་བ་རྔ་ཐུག་སྒྲུབ་སྡེ་གོང་འོག་སོགས་ལ་གསར་བསྐྲུན་དང་ཉམས་གསོ་མང་བ་བཅས་མཛད་ནས་ཤིང་སྦྲུལ་ལོ་ཁྲི་སྐྱོང་དགོངས་ཞུ་མཛད་ནས། ཕུན་ཚོགས་གླིང་འདིར་བདག་ཁྲི་རིམ་ཕེབས་ཀྱི་དབྱར་ས་ཡིན་ཡང་དེ་སྐབས་བཞུགས་ཡུལ་ཆེར་མེད་པ་ལྟ་བུ་འདི་ཉིད་དུ་གཏན་ཆགས་ཏེ་བཞུགས་ཡུལ་གནང་མུར། གུ་རུ་པདྨས་སྦས་ཡུལ་ཁ་འབྱེད་པ་དང་གཏེར་སོགས་འདོན་པར་ཕེབས་ཚུལ་གསུང་པ་འདི་གར་