R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༢༦
[A:༦༢༦]རྟགས་གཞན་ལས་རྨད་དུ་བྱུང་བ་སྟེ། སྔོན་གྱི་དུས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཉིད་ཞལ་བཞུགས་དུས། དགེ་བཤེས་སྟོན་པའི་དྲུང་དུ་སྐུ་མཆེད་གསུམ་དང་ཁམས་ལུང་པའི་སློབ་མ་ཡིན་པའི་བཙུན་པ་ཞིག་མཇལ་དུ་བྱུང་བ་ལ། སྟོན་པས་པོ་ཏོ་བ་ཁོ་ཅི་མཛད་ཀྱི་འདུག་གསུངས་པས་ཁོང་དགེ་འདུན་བརྒྱ་ཕྲག་མང་པོ་ལ་ཆོས་གསུངས་ཀྱི་གདའ་ཞུས་པས་འོ་ངོ་མཚར་ཆེ་དེ་ཡང་གཅིག་ཡིན་གསུངས། དགེ་བཤེས་ཕུ་ཆུང་པ་ཁོ་ཅི་མཛད་ཀྱི་གདའ་གསུངས་པས། ཁོང་རང་གཞན་གྱི་ཡོ་བྱད་མང་པོས་རྟེན་གསུམ་འབའ་ཞིག་བཞེངས་ཤིང་གདའ་ཞུས་པས། སྔར་བཞིན་གསུངས། དགོན་པ་བ་ཁོང་ཅི་མཛད་ཀྱི་གདའ་གསུངས་པས། ཁོང་སྒོམ་འབའ་ཞིག་མཛད་ཀྱི་གདའ་ཞུས་པས་སྔར་བཞིན་གསུངས། ཁམས་པ་ལུང་པ་ཁོང་ཅི་མཛད་ཀྱི་གདའ་གསུངས་པས། ཁོས་ས་གྲོག་ཁ་རེ་རུ་བཞུགས། དབུ་བཏུམས་ཏེེ་བཤུམ་པ་འབའ་ཞིག་མཛད་ཀྱི་གདའ་ཞུས་པས་སྟོན་པས་དབུ་ཞྭ་ཕུད་ཐུགས་ཀར་ཐལ་མོ་སྦྱར་སྤྱན་ཆབ་མང་པོ་ཕྱུང་ནས་ཤིན་ཏུ་ངོ་མཚར་ཆེ་ཆོས་བྱ་བ་དེ་ཁོང་གིས་བྱས་པ་ཡིན། འདིའི་ཡོན་ཏན་མང་པོ་བཤད་རྒྱུ་ཡོད་དེ་ད་ལྟ་བཤད་ན་ཁོང་མི་མཉེས་པ་འདུག་གསུངས་པའི་ལོ་རྒྱུས་དེང་སང་གི་དུས་ཚོད་མིག་ལ་ཐལ་བ་ལྟ་བུ་ཤོར་ན་མ་གཏོགས་དད་དང་ངེས་འབྱུང་གིས་མཆི་མ་འབྱིན་པ་ནི་སྲིད་པ་ཙམ་ན་ཤིན་ཏུ་ངོ་མཚར་བའི་རྣམ་ཐར་དུ་ཤེས་པར་བྱའོ། །དེང་དུས་ཀྱི་བླ་སྤྲུལ་ཕལ་ཆེ་བས་མི་མཁྱེན་ཀྱང་མཁྱེན་པའི་ཚུལ་དང་མ་གྲུབ་ཀྱང་གྲུབ་པའི་ཚུལ། མངོན་ཤེས་མེད་ཀྱང་ཡོད་ཚུལ་སོགས་མཛད་པར་ཀུན་གྱི་ཕྱག་