R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༣༧
[A:༦༣༧]ཞིང༌། སླར་ཡང་ཆུ་བྱ་ཟླ་བ་ལྔ་པའི་ནང་བཀའ་དགོངས་ལྟ་བུར་ཡིན་ཤག་ལ་བདག་ཁྲི་མཆོག་དང་གདུང་སྲས་བགྲེས་པ་བཅས་ཆིབས་བསྒྱུར་གྱིས་བཞུགས་མཚེར་སོགས་སྔོན་བཞིན་གནང་སྟེ་གཞུང་སའི་ཞབས་བརྟན་ཕུར་བཟློག་མནན་པ་སྦྱིན་སྲེག་སོགས་མང་དུ་གནང་ཞིང༌། རྩེ་པོ་ཏ་ལ་དང་ནོར་གླིང་བཅས་པ་ཡང་བསྟན་ཞབས་སྤྱི་དང་ཁྱད་པར་གཉན་མགོན་གྱི་དམ་ཚིག་བསྐང་བ་སོགས་ལ་གོང་ས་རྒྱལ་དབང་ཉིད་ཀྱང་ཡང་ཡང་ཕེབས་ཏེ་གཟིམ་སྤོས་རེ་འབུལ་གནང་མཛད་ནས། སྐབས་རེ་ཚོགས་གྲལ་དུ་ཡང་བཞུགས་ཏེ། རྩེ་མཆོད་བཟོད་ཆོས་ནས་ཚོགས་ལེབ་ཤ་བཅས་ཕུལ་ལུགས་ཀྱང་འདུག དེ་ནས་གཞུང་ཞབས་མཛད་སྒོ་རྣམས་གྲུབ་ནས་ཡར་ལམ་སྒང་བརྒྱུད་ཤར་ཕེབས་ཀྱིས་གདན་སར་ཕེབས་ལུགས་ཕལ་ཆེར་སྔར་བཞིན་མཛད་པ་འདྲ་ཞིང༌། བདག་ཁྲི་ཀུན་དགའ་བསོད་ནམས་འདི་ཉིད་ཀྱི་སྐུ་དུས་ཉམས་གསོ་མཛད་པས་ཚོགས་དར་ཆེན་དེའི་ཕྱིའི་ལྕགས་རི་ནང་གི་སྣང་བརྙན་རྣམས་ལ་ཚོན་གསོལ་ལྷ་ཆེན་བླ་བྲང་གི་འདུ་ཁང་ནང་གི་གཙང་ཁང་གི་ཕྱི་སྐྱ་བྱང་མའི་གྱང་གསར་བརྗེ། ཐིལ་གཡབ་ནུབ་ཀྱི་བྱང་ཤར་མཚམས་ཀྱི་ཤིང་བསྒྲིགས་རྣམས་དང་སྟེང་ཐོག སྟེང་གི་ཕུར་ཁང་གི་ཀ་བ་གོང་མའི་གཞུང་རིང་རྣམས་གསར་བརྗེ་མཛད་པ་དང༌། ཡབ་རྗེ་ཀུན་རིན་གྱི་ནང་རྟེན་རྗེ་བཙུན་མའི་སྣང་བརྙན། དབུ་རྩེར་ལམ་འབྲས་བླ་བརྒྱུད་ཞལ་བསྐང༌། འདྲེན་མཆོག་རྡོ་རྗེ་རིན་ཆེན་གྱི་སྣང་བརྙན་གསེར་ཟངས་ལས་བསྐྲུན་པ། ཕུན་ཕོའི་མ་ཎི་ལྷ་ཁང་གསར་པས་མཚོན། སྟེང་གི་གཟིམ་ཆུང་ཁག་དང་སྒོ་མཆོར་