R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༤༠
[A:༦༤༠]དེ་སྔོན་ཡོད་ཚོད་མི་འདུག དེ་ནས་སྤུར་ཞུ་དང་དགོངས་རྫོགས། སྒྲུབ་མཆོད། སྐུ་ཚོགས་རིང་བླ་བྲང་ཆོ་ག་ཕལ་ཆེར་སྔོན་ལམ་བཞིན། ནང་རྟེན་རིན་ཆེན་གཉིས་པ་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་ལྷ་ཆེན་ཁྱམས་སྟོད་ལྷོ་ངོས་བཞུགས་པ་འདི་དང༌། དབུ་རྩེར་ལམ་འབྲས་བླ་བརྒྱུད་ཞལ་སྐོང་གསེར་དངུལ་ལས་གྲུབ་པ་སོགས་དང༌། དགོངས་རྫོགས་སུ་འདི་ལོ་ཕུན་ཕོར་བྱང་ཚོགས་ཡོང་ནས་ཀྱཻ་རྡོར་སྒྲུབ་མཆོད་ཁག་གཉིས་ཀྱི་སློབ་དཔོན་ཡབ་རྗེ་རྡོ་རྗེ་འཆང་དང༌། སྐྱབས་མཆོག་འཇམ་དབང་བཅས་ནས་མཛད་ཅིང༌། ཕྱི་ལོ་ནས་བཟུང་ས་གཞུང་ནས་དགེས་རྡོར་སྒྲུབ་མཆོད་ཚུལ་གྲོལ་ལྔ༌། དུས་ཆེན་བཅས་ལོ་ལྟར་ཡོད་པ་འདི་རྣམས་མཆོད་ཕྲེང་བཅུ་གཅིག་གིས་མཚན་པ། གཞན་ཡང་མཆོད་ཐང་ཟུང་དཀྱིལ་འཁོར་གྱི་མཐའི་གདུགས་རྒྱལ་མཚན་སོགས་དང༌། གྲྭ་མང་ལ་འགྱེད་རྒྱུའི་གོས་བཟང་སྒྲིགས་ཀྱི་རྟེན་ཁེབས། རོལ་ཁེབས་གསར་བསྐྲུན་དང༌། ཕྱི་རྟེན་གདོང་སྣའི་རི་ལྡེབས་བདུད་འདུལ་མཆོད་རྟེན་བཅས་པ་རྣམས་ལ། ཡབ་རྗེ་རྡོ་རྗེ་འཆང་དང༌། སྐྱབས་མཆོག་འཇམ་དབང་ཆོག་གྲྭ་དང་བཅས་པས་རབ་གནས་རྒྱས་པ། རབ་སྟོན་དང་ཐངསྟོན་སོགས་སྔར་ལམ་བཞིན་རྒྱས་པར་མཛད་དོ། །དེ་རྣམས་ཀྱིས་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱི་རྣམ་ཐར་མདོར་བསྡུས་སྒྲོ་སྐུར་དང་བྲལ་བ་ཅུང་ཟད་སྨོས་ཟིན་ཏོ། །