R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༤༥
[A:༦༤༥]སློབ་དཔོན་ཀྱང་དེ་མཚུངས་དང༌། སྟོད་ཕེབས་ཐེངས་འགའ་རེ་དང༌། དབང་ཆོས་འཆད་སྤེལ་ནི། ཡབ་རྗེ་དེ་ཉིད་བཞུགས་དུས་ལམ་འབྲས་ཚོགས་བཤད་ཐེངས་གཅིག་གནང་ཞིང༌། དེ་དུས་ཟུར་བའི་དབང་ཆེན་རྗེས་གནང་སོགས་ཀྱང་མང་ཙམ་གནང་ཟེར། ཀུན་དགའ་བསོད་ནམས་ཀྱི་དགོངས་རྫོགས་ཀྱཻ་རྡོར་གྱི་སློབ་དཔོན་ཐེངས་ཁ་ཤས་གནང༌། ཕུར་སྒྲུབ་དུས་མདོས། གཞིས་ལེན་སོགས་ལ་ཚོགས་ཕེབས་ཐོར་ཙམ་དང༌། མེ་ཕག་ཙམ་ནས་བཟུང་བསམ་བརླིང་དུ་བྲག་དཀར་བསྐང་གསོར་རྟག་པར་ཕེབ་ཅིང། མཇུག་ལ་གཉེར་པའི་ཁུར་ལེན་ཀྱང་བཞེས། སྔོན་དུས་བསྐང་གསོ་འདི་བཞིན་བྲག་དཀར། ལྷ་མོ་རང་གི་མགོན་ཁང་དུ་གཏོང་བར་འདི་ནས་ཆོག་གྲྭ། དཔོན་སློབ་རེ། བན་ཚང་པ་དང༌། བསྙེན་སོང༌། གཞི་གྲྭ་བཅས་རེ་མོས་ཀྱིས་འགྲོ་སྲོལ། བོ་དོང་བཞིན་ཡིན་འདུག་ཀྱང་བསམ་བརླིང་དུ་གཏོང་རྒྱུ་བར་སྐབས་ཤིག་ནས་བྱུང་བར་སེམས། རྗེ་ཉིད་དགུང་གྲངས་སོ་བརྒྱད་དུ་ཕེབས་པར། ད་ལྟའི་གདུང་སྲས་འཁྲུངས་པའི་དགའ་སྟོན་སོགས་ཟབ་ཏུ་མཛད། རིང་མིན་ཡབ་རྗེ་རྡོ་རྗེ་འཆང་ཀུན་དགའ་སྙིང་པོ་དག་ཞིང་བརྗེས་པར་སྔོན་ལམ་བཞིན་ལོ་གཅིག་ལ་མཇུག་བགྱིས་འཐུས་ཞུ་གནང༌། ལྕགས་བྱི་ལོ་མཇུག་གཡུལ་ཐང་འོང་སྤུང་ལ་དར་འཛུགས་དང༌། འགོ་ཟླའི་དུས་མདོས་ཅུང་ཟབ་པ། རྒྱལ་ཟླའི་འགོར་གཟའ་ཚེས་དགེ་བར་ཚོམས་དམར་དུ་ཆོས་རྒྱལ་འཕགས་པའི་བཞུགས་ཁྲི་པདྨ་ཅན་ལ་མངའ་གསོལ་ཏེ་གཞུང་ས་ཆེན་པོ་ནས་ཀྱང་སྐུ་ཚབ་ཆེད་མངགས་མདུན་སྦུག་དམ་བཀའ་རྒྱ་རིན་པོ་