R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༤༦
[A:༦༤༦]ཆེ་གནང་སྦྱིན་དང་བཅས་སོགས་དང༌། འདི་ག་ས་གཞུང་བླ་ཁག་ལྷ་མི་སྡེ་བཅས་ནས་ཁྲི་སྟོན་མཇལ་དར་ལེགས་འབུལ་གསོལ་སྟོན་ཟབ་ཏུ་བགྱིས། དེ་ནས་ཤིང་འབྲུག་ལོ་ནང་རྒྱལ་ཁབ་ཏུ་གསར་མཇལ་དུ་ཕེབས་རྒྱུར་འདི་སྐབས་དམག་སྐད་ཀྱང་རེ་ཆེ་ཡོད་པ། དེ་ནས་ལམ་གཏོར་སོགས་གནང་སྟེེ་བཀྲས་བརྩེགས་རྗེ་བཙུན་ཚེ་སྦྱིན་དངོས་གྲུབ་དབང་མོ་ཉིད་འདིར་བཞུགས་ཁྲིའི་ཚབ་ཏུ་བསྐོས་གནང་བཅས། འདི་ག་ས་གཞུང་ལྷ་མི་སྡེ་བཅས་ནས་ཕེབས་སྐྱེལ་ཐབ་སྐྱེལ་སོགས་ཞུ་སྒོ་རྣམས་སྔར་ལམ་བཞིན་ཞུས་ཏེ་ཆིབས་བསྒྱུར་བསྐྱངས་པ། ལྷ་ལྡན་དུ་ཐབ་བསུ་རྩེ་ཤོད་བཀའ་ཤག་སོ་སོའི་མགྲོན་གཉེར་ནས་ཇ་ཞུས་མཚམས་དར་སོགས་སྔར་ལམ་བཞིན་དང༌། བཞུགས་མཚེར་བསྟན་གླིང་བླ་བྲང་དུ། དེ་ནས་མཇལ་ཕྱག་སྙན་སེང་གི་བཀའ་ལན་ཕེབས་མཚམས། ནོར་གླིང་དུ་སྔར་ལམ་བཞིན་སྔ་བར་ཕེབས་ཏེ། དེ་དུས་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་བློ་བཟང་ཐུབ་བསྟན་རྒྱ་མཚོ་མཆོག འཇིགས་བྱེད་ལྗགས་བསྙེན་དུ་བཞུགས་པར། གཟིམ་ཆུང་ཉི་འོད་དུ་སྐུ་ཟླ་དྲུང་དུ་མཎྜལ་རྟེན་གསུམ་འབུལ་ཚན་སོགས་ཕུལ་གནང་གྲུབ་ནས། གསོལ་ཇ་དང་བཞེས་འབྲས་ཕེབས་ཐོག་གསོལ་སྟོན་སྔོན་ལམ་བཞིན་དང༌། དེ་ནས་བསྟན་གླིང་དུ། རྡོ་རྗེ་ཕུར་པའི་གཏོར་བཟློག་མནན་པ་ལྷ་མོ་རྗེ་ཁོལ་གྱི་མདོས་འབུལ་སོགས་གཞུང་ཞབས་མང་དག་ཐོན་པར་གྲུབ་གནང་གིས་དམག་སྐད་ཀྱང་ཇེ་ཆེར་བརྟེན་འཕྲོས་ལུས་འགའ་ཞིག་གདན་སར་སྒྲུབ་འཐུས་དགོངས་ཞུ་གནང་སྟེ། ཐོན་ཕྱག་སོགས་སྔར་བཞིན་