R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༤༨
[A:༦༤༨]གུར་མཇལ་གུར་སོགས་འབུབ་གནང་དང་བཅས་བདག་ཁྲི་རང་ངོས་ཕེབས་ཀྱིས་རུ་ངར་མཛད་སོང་བ་དང༌། དེ་མཚུངས་ལྷ་ཆེན་ལྕགས་རི་སྟེང་གི་ཟུར་ལྕོག་རྣམས་དང་བཅས་པའི་སྤེན་མུ་ཕྲེང་སོགས་ཉམས་གསོ་ལེགས་པར་གནང་སོང༌། ཁྲིར་ཕེབས་པ་ནས་ཕུར་སྒྲུབ་དུས་མདོས་སོགས་ལ་ཚོགས་ཕེབས་ཁྱུག་ཙམ་གནང་བ་ལས་གཞན་རྒྱུན་དུ་ཚོགས་ཕེབས་དང༌། སློབ་དཔོན་དབང་ཆོས་གནང་བ་སོགས་ནི་མ་མཛད་ཅིང་ཕལ་ཆེར་བསམ་བརླིང་དང༌། ལོ་ཤས་འདིར་ཡང་མཛད་པ་བཅས་དམག་བཟློག་ལོ་རིམ་ལྟ་བུ་ཡིན་ཤག་ལ་བྲག་དཀར་བསྐང་གསོ་འཆར་ཅན་ཕེབས་ཤིང༌། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་གྱི་ཆ་ཤས་རྒྱ་བཟའ་བལ་བཟའ་སོགས་འཁྲབ་མཛད། བོད་བློན་མགར་བ་གདོང་བཙན་གྱི་ཁུར་བཞེས་བདག་ཁྲི་རང་ནས་མཛད་དེ། ཁྲོམ་དཀྱིལ་དུའང་ལོ་བཞེས་འཁྲབ་གནང་ལ་ལྟད་མོ་ཡང་དེ་ཁ་ཆེ། ཁྲོམ་ཐོག་ཀྱང་དེ་གས་ཆོད་པའི་དཔེར་བྱུང་སོང༌། དེ་ནས་རིང་མིན་མགྲོན་དབང་ཕ་བུ་བསད་རྐྱེན་གྱིས་མཛད་དཀའ་དང་སྐུ་གཟུགས་ཀྱང་སྙུང་བབས་ཀྱིས་ཇེ་ཞན་བཅས་རྒྱལ་ཁབ་ཏུ་ཁྲི་འཛིན་དགོངས་ཞུ་བསྐྱངས། མེ་འབྲུག་ཟླ་བ་གསུམ་པའི་ཚེས་བཅུ་གཅིག་ལ་གཟུགས་སྐུའི་དཀྱིལ་འཁོར་ཆོས་དབྱིངས་སུ་བསྡུས་ཏེ། ཞིང་བརྗེ་བའི་ཚུལ་བསྟན་པ། དགོངས་རྫོགས་ཞབས་རྗེས་རྣམས་ཕུན་ཕོ་བླ་བྲང་ནས་སྔོན་ལམ་བཞིན་འགྲུབ་པར་མཛད། ནང་རྟེན་གསེར་ཟངས་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་རིན་པོ་ཆེ་དུ་མའི་ཕྲ་རྒྱན་ཅན་ཡབ་རྗེ་དམ་པའི་ནང་རྟེན་གྱི་གཡས་སུ་བཞུགས་