R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༥༣
[A:༦༥༣]གཟིགས་མཛད་སྐབས། བདེ་མཆོག་ཕོ་བྲང་དུ་ཡབ་རྗེ་པདྨའི་མཚན་འཆང་གིས་བསྟན་བཤད་གནང་བའི་ཚེ། སྨན་ཁང་སྟེང་གི་གཟིམ་སྤྱིལ་མདོའི་བྱང་ངོས་ལ་ཡོད་པའི་དབང་སྡུད་སྙིང་པོའི་སྐུ་བརྙན་དེ་ལ། འོ་ཁོ་བོ་གདན་སའི་འཛིན་སྐྱོང་འདི་ལ་གདུང་རྒྱུད་ཀྱང་འབྱོན་པ་དཀའ་ཞིང་བྱོན་པ་རྣམས་ཀྱང་གཞོན་ནུ་ནས་གཞན་དོན་ལ་ཕྱོགས་སྐབས་ལུས་སེམས་ཤིན་ཏུ་མནར་བའི་ཚེ། དཀོན་མཆོག་ལ་གསོལ་བ་བཏབ་ཅིང༌། བཀའ་སྲུང་རྣམས་ལ་གདུང་རབས་མྱུར་འབྱོན་གྱི་འཕྲིན་བཅོལ་ལ་བརྩོན་པར་གྱུར་པ་ན། དབང་སྡུད་སྙིང་པོའི་སྐུའི་རྣམ་འགྱུར་འདི་བཞིན་གྱི་ཞལ་མངོན་གསུམ་དུ་བསྟན་ཏེ། ཁྱོད་ས་སྐྱའི་གདུང་འདི་ལ་དེ་ལྟར་དུ་ངལ་བ་བྱེད་མི་དགོས། ང་མྱུར་དུ་འོང་ངོ་གསུང་ཞིང་ཐུགས་ཀ་ནས་འོད་འཇའ་ཚོན་ལྟ་བུ་ཞིག་བྱུང༌། ངེད་ཀྱི་སྙིང་ཁར་ཟུག་པའི་སྣེ་ལ་སྔགས་འཆང་གཞོན་ནུ་གཉིས་ཀྱང་བྱོན་བྱུང་བའི་དང་པོ་འདི་གདུང་མཐུ་སྟོབས་དབང་ཕྱུག་འདི་ཡིན་པ་སྐུ་ཚེ་མཐར་མ་ཕྱིན། ཕྱི་མ་འདི་རྒྱན་མཆོག་ཁྲི་ཆེན་བཀྲ་ཤིས་རིན་ཆེན་འདི་ཡིན། ཡང་ཤར་གྱི་བྱང་ངོས་ཀྱི་ཕུར་སྐུ་འདི་རྣམས་དང་བཅས། དཔལ་ཆེན་ཕོ་བྲང་རྒྱབ་ཀྱི་ཧོར་གྱི་བླ་རི་ནག་པོ་ཕ་གའི་ཁ་གནོན་དུ་བྲིས་པ་ཡིན་གསུངས་པ་ནི། དོན་ལ་སྐྱབས་རྗེ་དམ་པ་དབང་སྡུད་སྙིང་པོའི་རྣམ་འཕྲུལ་ཡིན་པ་མ་ཟད་སྟོད་ཧོར་གྱི་ཁ་གནོན་དུའང་ལུང་བསྟན་པ་དང༌། ཡང་པདྨའི་མཚན་འཆང་གི་གསུང་མགུར་ལས། ང་ས་སྐྱའི་སྡེ་གོག་འཛིན་པ་ལ། །རེ་ལྟོས་ནི་སྙིང་ནང་ཟུག་ཁྲག་ལྟར། །རང་