R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༥༥
[A:༦༥༥]ཆེ་འདིའི་སྐུ་ཡོན་པ་བྱེད་དགོས་འདི་གསུང་རྒྱུ་ཡིན་པ་འདྲ་ཞེས་གསུངས་པ་གཞིས་བྱེས་ཀྱི་དགེ་འདུན་བགྲེས་པོ་རྫུན་མི་གསུང་པ་དུ་མས་གསུངས་པ་ཐོས། འཇམ་མགོན་དབང་གི་མཚན་ཅན་དེ་ཉིད་སླར་ཡང་བསྟན་འགྲོའི་དོན་དུ་དྲི་མེད་ལྷ་རིགས་འཁོན་གདུང་དུ་ཕེབས་རྒྱུ་དང༌། དེ་ལྟར་ཕེབས་པའི་ཡོངས་འཛིན་འཆོལ་གནང་བཅས་ཀུན་གྱི་མཐུན་སྣང་དུ་གྲུབ་པ་དང༌། གཞན་ཡང་གཏེར་སྟོན་མཆོག་སྤྲུལ་བདེ་ཆེན་གླིང་པས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ལུང་བྱུང་ལས། བདུད་འཇོམས་སྤྲུལ་པ་མངྒ་ལམཿ གཙང་སྟོད་ཕྱོགས་སུ་འབྱུང་བར་འགྱུརཿ དེ་དང་འདི་འཕྲད་བོད་ཁམས་བདེཿ ཞེས་སློབ་དཔོན་རིན་པོ་ཆེས་ལས་ཅན་དག་པའི་འཁོར་ལྔའི་ནང་ཚན། ཞང་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པ། གསལ་བར་ལུང་བསྟན་པ་དང༌། འོ་ན་གོང་ཡབ་རྗེ་དབང་སྡུད་སྙིང་པོའི་རྣམ་སྤྲུལ་དུ་ལུང་བསྟན་པ་དང་འགལ་ལོ་སྙམ་དུ་དོགས་ན། དེ་ནི་རྣམ་པར་མ་བརྟགས་པ་ཡིན་ཏེ་ཡབ་རྗེ་དབང་སྡུད་སྙིང་པོ་ཡང༌། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པར་ལུང་བསྟན་ཡོད་ཚུལ་གསུངས་པ་དང༌། གཏེར་ལུང་གཞན་ལས་ཀྱང༌། སྣ་ནམ་སྐྱེ་བ་ས་སྐྱའི་འཐིལ་དུ་འབྱུང༌། མཐའ་དམག་བཟློག་པའི་རྟེན་འབྲེལ་དེ་ལ་ཡོད། ཅེས་སོགས་མང་དུ་འབྱུང༌། འོ་ན་ཡབ་རྗེ་དབང་གི་མཚན་ཅན་ཡང་སྲིད་བཅས་པ་སློབ་དཔོན་རིན་པོ་ཆེའི་རྣམ་འཕྲུལ་དུ་བཤད་པ་དང༌། འདིར་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པར་བཤད་པ་མི་འགལ་ལམ་སྙམ་ན། དེ་ནི་ག་ལ་འགལ་ཏེ། རྩ་རྒྱུད་བརྟག་གཉིས་ལས། འཆད་པ་པོ་ང་ཆོས་