R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༥༨
[A:༦༥༨]བ་དང༌། དེ་ནས་ཡབ་རྗེ་རྡོ་རྗེ་འཆང་ནས་ཡབ་ཆོས་ཀྱི་སྙིང་པོ་ཀྱཻ་རྡོ་རྗེའི་རྡུལ་ཚོན་གྱི་དབང་རྒྱས་པར་སྐུ་ཚེ་འདི་ཉིད་ཀྱི་སྨིན་བྱེད་ཐོག་མར་བསྩལ། དེ་ནས་ཡབ་མེས་གོང་མའི་བཞེད་སྲོལ་བཞིན། རྩ་རྒྱུད་བརྟག་གཉིས། རྡོ་རྗེ་ཕུར་པ། དགེས་རྡོར། གསང་འདུས་འཕགས་ལུགས། བདག་མེད་མ། ནཱ་རོ་མཁའ་སྤྱོད། ཀུན་རིག་སོགས། མངོན་དཀྱིལ་རྣམས་ཐུགས་སྦྱོང་གིས་རེ་རེ་བཞིན་ཡབ་རྗེ་རྡོ་རྗེ་འཆང་དང༌། ལྷོ་བྱང་ལས་ཚན་བཅས་ཀྱི་དབུས་སུ་རྒྱུགས་སྤྲོད་འབུལ་གནང་གིས་རིམ་གྱིས་དགུང་གྲངས་དྲུག་བདུན་ལ་རྒྱུད་འདོན་ཟབ་མ། དགུང་གྲངས་བརྒྱད་པར་ཕུར་སྒྲུབ་ཚོགས་དབུས་སོགས་སུ་ཕེབས། གར་འཆམ་ཕྱག་ལེན་རྣམས་ཀུན་གྱི་ཡིད་འཕྲོག་པར་མཛད་ཅིང༌། གཞན་ཡང་དགེས་རྡོར་སོགས་གོང་དུ་རྒྱུགས་སྤྲོད་གང་གནང་སོ་སོའི་ཚོགས་དབུ་དང༌། དེ་མཚམས་རྒྱལ་བས་བཀའ་བསྡུ་བཞི་པ་སྡོམ་གསུམ་རབ་དབྱེའི་གཞུང་སྐྱོར་ལ་ཡང་རྟག་པར་ཕེབས་ཚོད་དང༌། བར་གསེང་རྣམས་སུ་ཡབ་རྗེ་རྡོ་རྗེ་འཆང་སོགས་དམ་པ་རྣམས་ལས་སྔ་ཕྱིར་དབང་ལུང་མན་ངག་གསན་པ་རྣམས་ཕྱོགས་གཅིག་ཏུ་བརྗོད་ན། དེ་ཡང་ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག་ལས། རྡོ་རྗེ་ཕུར་པའི་སྟོད་ལས་བྱང་ཆུབ་སྒྲུབ་དབང་དང༌། སྨད་ལས་དྲག་པོ་སྒྲོལ་དབང༌། གུར་དྲག་ཉང་ལུགས། ཀྱཻ་རྡོར་རྒྱུ་དུས་དང༌། ལམ་དུས་ཀྱི་དབང༌། འཇམ་དབྱངས་དམར་སེར། གསེར་ཆོས་འཇམ་ནག རྟ་ཕྱག་ཁྱུང་གསུམ། རྗེ་བཙུན་མ་ཀུ་རུ་ཀུ་ལེ། དཔལ་མོ་སྙིང་གི་གསེར་ཐིག་ཅན། ཚོགས་བདག་ཁྱད་པར་བ་རྣམས་ཀྱི་