R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༦༡
[A:༦༦༡]མཁྱེན་གོ་རམས་པའི་བཀའ་འབུམ་གྱི་ལུང་སོགས་རྒྱ་ཆེར་གསན། ངེས་པ་དོན་གྱི་རྡོ་རྗེ་འཆང་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལས་ཆོས་དབང་བླ་མ་གསང་འདུས་ཀྱི་དབང་ལུང་སོགས་གསན། བྱམས་པ་སྨོན་ལམ་གྲགས་པ་ལས་དཔལ་ཆེན་ཡང་དག་ས་ལུགས་ཀྱི་དབང༌། སམ་ཊ་ནས་གསུངས་ཤིང་བདག་མེད་ལྷ་ཉེར་གསུམ་མ་རྡོ་རྗེ་ཕྲེང་བ་ལུགས་ཀྱི་དབང༌། སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་ལུང་བཅས་དང༌། བེག་རྩེ་འཁོར་མང་གི་རྗེས་གནང་སོགས་གསན། སྙིང་རི་ཁྲི་ཆེན་བློ་བཟང་བསྟན་པའི་ཉི་མ་ལས། བྱང་གཏེར་བྱིན་རླབས་ཐུགས་དབང་རྒྱས་པ། ཚེ་ཆོག་འདོད་བུམ་ལུགས་སོགས་གསན། ལྕམ་ཕུ་བ་འགྲོ་མགོན་བསྟན་འཛིན་བློ་བཟང་ལས། སྨིན་གླིང་འདོད་འཇོའི་བུམ་བཟང་དབང་བྱིན་རླབས་རྗེས་གནང་སྲོག་གཏད་ལུང་སོགས། ཆོས་སྐོར་ཡོངས་རྫོགས་གསན་པ་དང༌། གཞན་ཡང་གསན་ཐོར་མ་འཁོད་པ་འདྲེན་པ་དམ་པ་རྣམས་ལས་དབང་ལུང་གསན་པ་འགའ་ཞིག་ཡོད་ཚོད། དེ་ལྟར་ཐོས་བསམ་མཛད་པ་རྣམས་བསྒོམ་པས་ཐུགས་ཉམས་སུ་བཞེས་ཚུལ་སྔ་ཕྱིར། ཕྱག་ན་རྡོ་རྗེ། འབྱུང་པོ་འདུལ་བྱེད། དགེས་པ་རྡོ་རྗེ། རྡོ་རྗེ་ཕུར་པ། གུར་གྱི་མགོན་པོ། གཉན་མགོན་ཞལ་བཞི་རྣམས་ཀྱི་བསྙེན་སྒྲུབ་མཐར་ཕྱིན་མཛད་དེ། དེ་རྣམས་ཀྱི་ཉམས་བཞེས་ཀྱང་རྒྱུན་བཏོན་ཆག་མེད་གནང༌། ལྷག་པར་ཡབ་མེས་གོང་མའི་ཕྱག་ལེན་དབྱངས་རོལ་གར་འཆམ་འདོན་ཆོག་དམིགས་པའི་གོ་དོན་བཅས་བྱང་ཆུབ་པར་མཛད། དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་