R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༦༢
[A:༦༦༢]ཚོགས་དབུས་གསུང་བཤད་ཀྱི་དགའ་སྟོན་སྩོལ་བ་དང༌། དེ་ནས་རིམ་པ་བཞིན། ཟླ་དུས་སོ་སོར་གུར་མགོན་ཁྲོ་བཅུ་དང༌། དྲུག་ཅུ་མ། སྐུ་རིམ་ཆེན་མོར་གྲགས་པའི་ཕུར་བཟློག མགོན་མདོས་ཟབ་མ། རྩི་དམར་གཏོར་བཟློག་ཟབ་མ། ཞལ་བཞི་པའི་གཏོར་མདོས་ཟུང་འབྲེལ། རྒྱལ་ཆེན་བསེ་ཁྲབ་དང༌། དམག་ཟོར་མའི་གཏོར་བཟློག་རྣམས་ཀྱི་ཟོར་འཛིན། ལྷ་མོ་རྗེ་ཁོལ་ཟུང་གི་མཆོད་མདོས། གཉན་མགོན་གྱི་དམ་ཚིག་བསྐང་བ་རྣམས་ཀྱི་རྡོ་རྗེ་སློབ་དཔོན་གྱི་ཁུར་བཞེས་མཛད་དེ། དེ་ནས་ཕུར་སྒྲུབ་དང་དུས་མདོས་བླ་མ་གོང་མ་རྡོ་རྗེ་འཆང་དང་ཞལ་མི་གཉིས་རྣམས་ཀྱི་དུས་མཆོད་རྒྱུད་སྡེ་ཁག་མང་གི་སློབ་དཔོན་སོགས་མང་དུ་གནང་བ་ཆོ་ག་ཕྱག་ལེན་དབྱངས་རོལ་གར་འཆམ་བཅས་པར་རང་གཞན་ཐམས་ཅད་ལ་བསྟན་པའི་མིག་རྒྱན་དུ་ཕན་པར་མཛད་དོ། །དེ་ནས་ཉིད་ཀྱི་དགུང་གྲངས་བཅུ་བདུན་པ་ཀུན་ལྡན་གྱི་ཡབ་རྗེ་རྡོ་རྗེ་འཆང་པདྨའི་མཚན་ཅན་ཉིད་སླར་ཡང་གོང་ས་ཐམས་ཅད་མཁྱེན་པ་མཇལ་ཕྱག་དང་དབུས་གནས་ལེན་དུ་ཕེབས་བཞེད་སྐབས། རྗེ་ཉིད་དང་ཡུམ་མཆོག་ཞིང་སྐྱོང་དབང་མོ་བཅས་སྟོན་འཁོར་བསྟར་སྒྲིགས་ཀྱི་ཕེབས་ལུགས་རྣམས་ཆུ་ལུག་བཞིན་མཛད་དེ། བར་ལམ་རོང་ནང་བརྒྱུད་དགོན་གནས་ཁག་གི་གནས་གཟིགས་སོགས་རིམ་གནང་གིས་ལྷ་ལྡན་དུ་ཕེབས་སྐབས་ཐབ་བསུ། ཕེབས་བསུ་རྩེ་ཤོད་བཀའ་ཤག་བཅས་ནས་ཇ་ཞུས་མཚམས་དར་སོགས་སྔར་ལམ་བཞིན་སྩོལ་ཐོག་བཞུགས་མཚེར་གང་དུ་གནང་བ་མ་གསལ་ཡང༌། དགའ་ལྡན་ཁང་གསར་དུ་བཞུགས་