R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༧༠
[A:༦༧༠]སྒེར་ལ་གནོད་ཚབས་ཆེ་ལུགས་སོགས་བཀའ་བསྒྱུར་ཟབ་བརླིང་བྱིན་ཆགས་ཅན་ནན་ཏན་དུ་ཕེབས་ཤིང༌། ལུགས་གཉིས་འཛིན་སྐྱོང་གི་ཞལ་བཀོད་ལ་མཐོ་དམན་གང་ས་ནས་བརྩི་འཇོག་མ་བྱུང་ཚེ་འདི་གར་སྙན་སེང་དང་བསྟུན་ནས་རྒྱལ་ཁབ་རང་ནས་རྒྱབ་གནོན་མཛད་རྒྱུ་ཡིན་གསུངས་པ། བཀའ་དོན་འགལ་མེད་ཞུ་བར་མཛད་ཅིང་དེ་སྐབས་བདག་ཆེན་ཉིད་གོང་ས་རྒྱལ་དབང་མཆོག་གི་སྐུ་གམ་དུ་ཉིན་ལྟར་ཕེབས་དགོས་ལ་མདོ་སྔགས་ཆོས་ཀྱི་འབེལ་གཏམ་སོགས་ཀྱིས་དུས་འདའ་བར་མཛད། སྔོན་ཤིང་སྤྲེལ་ལོ་ཡབ་རྗེ་སྐུ་མཆེད་དབུས་ཕེབས་སྐབས་དཔལ་རྩེ་བསྩལ་གནང་ཡང༌། ཤིང་སྦྲུལ་ལོ་གོང་མ་བདག་པོ་ཆེན་པོས་བོད་ཀྱི་ཞིབ་གཅོད་པ་ཆིས་ཀྲུང་ཐང་མ་མངགས་ནས་སྲིད་སྐྱོང་མཚོ་སྨོན་གླིང་པར་དབུ་ཉེས་ཀྱི་ཞོར་དྲུད་དུ་དཔལ་རྩེ་གཞིས་ཀ་གཞུང་བཞེས་གནང་སྟེ། བསྟན་རིམ་གདུགས་དཀར་ཉེར་བདུན་མའི་ཞབས་བརྟན་ཆག་ཐབས་མ་མཆིས་སྟབས། ལོ་ལྟར་གཞིས་རྫོང་བཀར་སྟེང་ནས་འབྲུ་ཁལ་ཉིས་བརྒྱ་རེ་བསྩལ་བ་ཡིན་ཡང༌། འདི་སྐབས་རྒྱལ་བློན་རྣམས་ནས་དཔལ་རྩེ་གཞིས་ཕྱིར་ལོག་གཏན་ཆགས་བསྩལ་རྒྱུའི་བཀའ་དམ་བསྩལ་བ་དང༌། གོང་ས་རྒྱལ་བའི་དབང་པོ་ནས་ཀྱང༌། རྒྱལ་བློན་ལྷན་དུ། ས་སྐྱ་བདག་ཆེན་རིན་པོ་ཆེ་ལ་གདུགས་དཀར་ཞིག་འབུལ་དགོས་བཀའ་ཕེབས་ལ། ས་དབང་བཤད་སྒྲ་དབང་ཕྱུག་རྒྱལ་པོས་ཀྱང༌། དེ་ནི་བདག་ཅག་གི་སྟོན་པར་ལྷ་དབང་བརྒྱ་བྱིན་གྱིས་གདུགས་ཕུལ་བ་ལྟར་ཤིན་ཏུ་ལེགས་སོ་ཞུས་ཏེ། གདུགས་དཀར་གྱི་ཐོབ་བྱ་ཐོབ་བྱེད་རྣམས་སེར་བྱེས་དགེ་བཤེས་ལྕང་བླ་མར་