R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༧༡
[A:༦༧༡]གྲགས་པས་བཀོད་དེ་བསྩལ་བ་ད་ལྟར་འདི་ག་བླ་བྲང་ན་ཡོད་པ་འདི་དང༌། ཡང་འཇམ་མགོན་ཀུན་བློ་དབུས་ཕེབས་སྐབས། དེ་རིང་བུས་རྟ་རྩལ་ངོམ་རྒྱུ་ཡིན་གསུངས་པའི་རྣམ་ཐར་བཞིན། བདག་ཉིད་ཆེན་པོའི་ཆིབས་པ་རྒྱུན་དུ་བརླིང་བ་ཡོད་ཀྱང་སྐབས་ཤིག་རྟ་སྐད་འཚེར་ཞིང་ཤིན་ཏུ་དཀྲོག་ཉམས་དང་། མེ་སྟག་གི་ཚ་ཚ་འཕྲོ་བ་ཕྱུང་བར་གོང་ས་རྒྱལ་བའི་དབང་པོ་ནས་གཟིགས་པར། བདག་ཆེན་མཆོག་གི་ཆིབས་པ་དཀྲོག་ཆེན་དེ་ལས་འགྱོགས་བྱམས་ལེགས་ཚུལ་བཀའ་བསྩལ་ཏེ། རྒྱལ་ཚབ་མཆོག་གླིང་བའི་འགྱོགས་བྱམས་དེ་བཞིན་གསོལ་རས་བསྩལ་བ་དེའང་། ད་ལྟ་འཁྱེར་བའི་འགྱོགས་བྱམས་རྒྱ་བཟོ་མ་ཆེ་བ་འདི་ཡིན་ཚོད་འདུག གཟིགས་བཟོས་བདག་རྐྱེན་ཀྱང་ཚད་མེད་པ་བསྩལ། གཞན་ཡང་བཀའ་ཤག་སོགས་ནས་སྔ་བར་ཕྱི་གསུམ་གྱི་ཟུར་གསོས་དང་། བསྟན་སྲིད་ཞབས་བརྟན་ཀྱང་མང་དུ་ཐོན་ཞིང་། རིང་མིན་ཐོན་ཕྱག་ཞུ་གནང་གིས་གསོལ་སྟོན་ལྗགས་བསློག་གནང་ཆ་སོགས་ཚད་མེད་པ་བཅས་ཏེ། ཆིབས་བསྒྱུར་སྐབས་སྣེ་ཤན་དུ་རྡོ་རིང་ཤེར་སྤང་བསྩལ། ལྷོ་གནས་བརྒྱུད་གཞིས་རྩེར་པཎ་ཆེན་རིན་པོ་ཆེ་མཇལ་ཕྱག་སོགས་ཞུ་གནང་གིས་གདན་སར་ཕེབས་མདུན་འདིར་བཞུགས་སྐུ་ངོ་རྣམས་དང་། རྡོ་རྗེ་ཆོས་སྐྱོང་ལྷ་མི་སྡེ་བཅས་ཀྱི་ལས་སྣེ་གཙོ་དྲག་གི་གོ་རིམ་གྱིས་ཕེབས་བསུ་དང་། སེར་ཕྲེང་རྒྱས་པ་བཅས་ཚོམས་དམར་དུ་གཞིས་བྱེས་སྐུ་ངོ། གཞུང་སའི་སྣེ་ཤན་དང་གསོལ་སྟོན་སོགས་སྔར་ལམ་རྒྱས་པར་བསྩལ། རྡོ་རྗེ་ཆོས་སྐྱོང་རྣམས་གཏང་རག་སོགས་ཀྱིས་དུས་འདའ་བའི་སྐབས་སོ། །