R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༧༢
[A:༦༧༢]འདི་སྐབས་ཙམ་ལ་ཧོར་ཁང་བདག་མོར་གདུང་རྒྱུད་མ་བྱུང་བས་ཡབ་རྗེ་མཆོག་སོགས་ནས་རྒྱལ་རིགས་ཤིང་ས་ལ་ལྟ་བུ་དྭགས་པོ་ལྕང་ར་བའི་བདག་མོ་ཁབ་བཞེས་ཀྱིས་མཚན་བསོད་ནམས་བུ་ཁྲིད་དུ་གསོལ་ཏེ། སྔ་དུས་སྒྲོལ་མ་དམར་བཟློག་ལྷ་ཁང་གི་བྱང་གི་འཁྲིས་ལྕང་གསེབ་འདིར་སྤྲོ་ཁང་ལྟ་བུའི་གཟིམ་ཁང་སྟབས་བདེ་ཞིག་ཡོད་པར་རྗེ་བཙུན་སྒྲོལ་མ་སྐལ་བཟང་ཆོས་སྒྲོན་གཟིམ་ཁང་དེར་འཁྲུངས་ཚོད་དང་། དེ་གའི་བྱང་ཙམ་གྱི་སར་སྒྲོལ་མ་ཕུན་དཔལ་ཕོ་བྲང་འདི་བཞིན་བརྟག་སློང་སྦྱངས་གསུམ་སོགས་རྒྱུད་སྡེ་ནས་གསུངས་པས་ས་ཆོག་དང་འབྲེལ་རྩ་བ་ནས་གསར་འདེབས་མཛད་པ་འདི་ནི། ད་ལྟ་བྱང་ངོས་དང་བདེ་ཅན་སྟེང་འོག་ཀླུ་ལྡིང་ལྕང་ར་བཅས་པ་འདི་རྣམས་ཡིན་ཅིང་། རབ་གནས་བཅས་བདག་ཁྲི་ཉིད་དང་ཆོག་གྲྭ་བཅས་ནས་མཛད་དེ། དབྱར་བཞུགས་ཕལ་ཆེར་འདི་གར་གནང་ཞིང་། དགུན་ཐོག་གཞི་ཐོག་ཏུ་གདན་བཞུགས་སྐབས་ལྕང་སྐྱའི་དགོངས་རྫོགས་སུ་སོག་པོ་ཆུ་བཟང་སྤྲུལ་སྐུ་ནས་དུས་གཅིག་ལ་རྒྱ་དངུལ་རྟ་མིག་མར་གྲགས་པ་བརྒྱ་ཕྲག་གཅིག་དང་ལྔ་ཕུལ་བ། ཚོམས་དམར་དུ་བླ་ཆེན་འཕགས་པ་རིན་པོ་ཆེའི་བཞུགས་ཁྲིའི་མདུན་དུ་བཞེས་ཤིང༌། ཕར་ཡང་བྱིན་རྟེན་སོགས་དང་ཆོས་དང་ཟང་ཟིང་གི་གནང་སྦྱིན་ཟབ་པར་བསྩལ། ལོ་འདིའི་སྔོན་ཙམ་ནས་བཟུང་སྔར་ཕན་སྲོལ་ལམ་མེད་ཀྱང་ས་མཆོད་ཆེན་མོར་དགེ་ལྡན་གནམ་མཆོད་བཞིན་གྱི་ཐོག་ཁར་མར་མེ་ཕྲེང་བ་སྤོར་བ་དུང་རྒྱ་རྡོ་གསུར་སོགས་གཏོང་བ། ལྷ་ཆེན་ལྕགས་རིའི་སྟེང་སོགས་ནས་གསོལ་འདེབས་འུར་འདོན་དགོས་ལུགས་