R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༧༥
[A:༦༧༥]རྟེན་གཙོ་གུ་རུ་མཚན་བརྒྱད་འདི་རྣམས་ཐིལ་གཡབ་ནུབ་ནས་བཞེས་པ་སྔགས་འཆང་ཆེན་པོ་སོགས་ཀྱི་ཕྱག་ནས་ཡིན་སྐད་དང༌། གཞན་འདི་ག་གདན་སའི་གཙུག་ལག་ཁང་གང་ཡོད་ཀྱི་སློབ་དཔོན་གྱི་སྣང་བརྙན་གང་ན་ཅི་ཡོད་བསྡུས་གནང་གིས་འདིར་བཞུགས་སུ་གསོལ་བ་ཡིན་སྐད་དང༌། དེ་སྐབས་ཁུལ་འདིར་ཚང་མ་སློབ་དཔོན་ལ་ཧ་ཅང་མོས་པས་ཚེས་བཅུ་སོགས་ཀྱང་གཞན་དང་མི་འདྲའི་གདབ་ཤོག་ཆེ་བ་བྱུང༌། ཕུར་སྒྲུབ་སྔ་དུས་གདུང་རྒྱུད་བུ་སློབ་སོགས་སུས་མཛད་ཀྱང་གཅིག་རང་ལས་གནང་སྲོལ་མ་མཆིས་ཀྱང༌། བདག་ཆེན་འདི་ཉིད་ཀྱི་དགོངས་པས་སྒྲུབ་ཡུན་ཟླ་གང་འགོར་བས། དེ་སྐབས་གཅིག་བུ་དེ་ཉིད་སྙུང་གཞི་གློ་བུར་བ་དེ་འདྲ་མི་སྲིད་ཀྱང་ངེས་མེད་བྱུང་ན་སྒྲུབ་མཆོད་འཕྲོ་ལ་འཇོག་པ་ལས་འོས་མ་ཆེ་གསུངས་ནས་གཉིས་མཛད་སྲོལ་འདི་བཞིན་བྱུང་འདུག་པ་རྣམས་རང་བཞིན་གྱི་ལོ་རྒྱུས་ཙམ་དང༌། འདི་སྐབས་བདག་ཆེན་ཉིད་ཆོས་སྡེ་ལྷོ་བྱང་གི་ཚོགས་འདུ་སྤྱི་དང༌། ཞལ་ལྷ་དང་ཞལ་ལྷའི་མཆོད་འབུལ། བདེ་མཆོག་དྲུག་པ་ཚེས་བཞི་སོགས་ལའང་ཕེབས་ཏེ། ཆོས་སྤྱོད་རྣམ་དག་སྐྱོང་བར་མཛད་ཅིང༌། ས་ཞུ་ལག་སྐྱངས་མ་དང་། ཆོས་གོས་མེ་ལོང་མ་གསོལ་ཏེ་ཆོས་ལ་ཡང་བན་ཚང་པ་དང་བཅས་ཕེབས་ཏེ། ད་ལྟ་མཁན་པོས་གནང་བའི་གསུང་བསྔོ་རྒྱས་པ་བདག་ཁྲི་རང་ནས་བསྔོ་བཤད་རྒྱས་པ་བཅས་གནང་བ་དང༌། ཕུར་སྒྲུབ་དང་དུས་མདོས་སོགས་ཀྱི་སློབ་དཔོན་བདག་ཁྲི་རང་ཉིད་དང་གཅུང་པོ་ཀུན་དགའ་བསོད་ནམས་གཉིས་ཁོ་ནས་གནང་ཞིང༌། སྒྲུབ་མཆོད་གཞན་