R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༧༤
[A:༦༧༤]བཞིན་དུ་གཞུང་བླ་སོགས་ཀྱི་སྲོལ་བཞིན་རྡོ་བརྡར་མ་དང་སུར་སྣ་བཞེས་པ་འདི་ཉིད་ལ་འཆམ་གཟིགས་དང་དུས་མཉམ་ཙམ་ལ་བྱུང་བ་འདྲ་བ་འདི་དག་གིས་ཀར་གསར་རྙིང་སོགས་ལ་ཁོ་བའི་བརྡུང་ཚུལ་རྣམས། འགའ་རེ་གཞུང་བླ་སོགས་དང་མཐུན་ཞིང་ལ་ལ་མི་མཐུན་པ་ཡོད་པ་འདི་རྣམས་དང༌། རྒྱུན་གཏན་བསྒྲལ་ལས་སོགས་ལ་བརྡུང་བའི་བརྡར་མ་དྲག་བརྡུང་འདི་རྣམས་སོགས་མང་པོ་རིག་བཅོས་ལྟ་བུས་བཟོ་གནང་ལས་གཞན་ལ་ཆེར་མ་གྲགས་སམ་སྙམ་མོ། །དེ་བཞིན་དུ་བན་ཚང་པ་ཚེས་མཆོད་གཏོང་རེས་འདི་བཞིན་ཀྱང༌། སྔ་དུས་རྩ་རྒྱུད་བརྟག་གཉིས་རྒྱུད་འདོན་དང༌། དགོང་མོ་ནང་མཆོད་དམ་བདུད་རྩི་གཏོང་ལུགས་ད་ལྟ་བཞིན་མཛད་པ་ཞིག་ཡོད་འདུག་པ་སྐུ་ཐོག་འདི་ནས་བྱང་གཏེར་ཐུགས་སྒྲུབ་ཀྱི་ཚེས་བཅུར་བསྒྱུར་གནང་གིས་གདངས་དབྱངས་རོལ་མོ་གསོལ་འདེབས་ལེའུ་བདུན་མའི་གདངས་བཅས་སྐྱབས་མཆོག་རང་ནས་གསར་བཅོས་མཛད་པ་དང༌། འདི་ནི་གཞུང་ལས། ཁྱེའུ་ཕ་མ་འབོད་འདྲའི་གདུང་དབྱངས་ལཿ པི་ཝཾ་གླིང་བུའི་གདངས་ལྟར་སྙན་པ་ཡིཿ ཉིན་ཚན་དུས་དྲུག་རྣམས་སུ་གསོལ་བ་ཐོབཿ གསུངས་པ་ལ་དཔག་ན་འདི་འདྲ་ཞིག་རང་ཡིན་དགོས་པ་དོན་དུ་སྐྱབས་མཆོག་དེ་ཉིད་ཨོ་རྒྱན་དངོས་སམ། རྣམ་སྤྲུལ་དུ་གོང་བཤད་བཞིན་མཛད་པ་འདི་དག་གིས་རྟོགས་ནུས་སོ། །གཞན་ཆོས་འདིའི་འབྱུང་ཁུངས་རྡོ་རྗེ་བྲག་སོགས་སུའང་ལེའུ་བདུན་མའི་གདངས་ཡོད་སྐད་མ་ཐོས། སྔོན་གསང་སྔགས་ཕོ་བྲང་ཞེས་པ་སྔགས་འཆང་གྲགས་པ་བློ་གྲོས་ཀྱི་གཟིམ་སྤྱིལ་ཡིན་འདུག་པ།