R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༧༧
[A:༦༧༧]རྣམས་ཀྱང་སྤང་བླང་ཚུལ་བཞིན་མཛད་དགོས་ཀྱི་བཅའ་ཁྲིམས་ལ་བརྟེན་ཆོས་སྡེ་ཉི་ཟླ་ཟུང་ཡང་གྲྭ་ཚོགས་ཆེ་ཞིང་བཤད་པ་དང་སྒྲུབ་པའི་བཞེད་སྲོལ་ད་ལྟའི་བར་མི་ཉམས་གོང་འཕེལ་དུ་བཞུགས་པ་སོགས། རྣམ་འདྲེན་གང་གི་ཐུགས་བསྐྱེད་རྨད་དུ་བབ་ཁོ་ནར་ཟད་དོ། ། ས་རྟ་ལོ་གསང་བདག་དཔལ་ཆེན་འོད་པོ་འཁྲུངས་པ་འཁྲུངས་སྟོན་དུ་ཡུལ་ཅན་བན་ཚང་པས་མདོས་ཟབ་སྔར་ལམ་བཞིན་གཟིགས་ཕུལ། གཞན་ཡང་ས་མོ་ལུག་གི་ལོར་དབུས་གཙང་གི་བསྟན་འགྲོའི་བདེ་ཐབས་རྒྱ་ཆེན་བསྒྲུབ་ཕྱིར་ལྷ་ལྡན་ཕྱོགས་སུ་ཆིབས་ཞལ་བསྒྱུར་སྐབས་གཙོ་བོར་སྡེ་འཁྲུག་བྱས་པའི་ཉེས་གྲིབ་སེལ་ཐབས་རྨེ་བརྩེགས་ཀྱི་སྒྲུབ་ཐབས་ཁྲུས་ཆོག་བཅས་ལ་ཐུགས་བརྩོན་ལྷག་པར་ཆེ་ཞིང༌། ཇོ་ཤཱཀ་རྣམ་གཉིས་སོགས་ལ་མཆོད་འབུལ་ཐུགས་སྨོན་གང་མཛད་ཀྱང༌། འཁྲུག་རྩོད་ཞི་བའི་གསུང་ཁོ་ན་མཛད་པ་སོགས་རྒྱུན་དང་མི་འདྲ་བའི་ཐུགས་ངལ་ཆེ་ཆེར་མཛད། དེ་ནས་མི་རིང་བར་འཕན་པོ་ཁུལ་གྱི་དགོན་སྡེ་སྤྱི་དང༌། བྱེ་བྲག་ལྕང་གླིང་ཆོས་སྡེ་ནས་གདན་ཞུ་དབུ་ནན་མཛད་པར་བརྟེན། དེ་ཕྱོགས་སུ་ཆིབས་ཞལ་བསྒྱུར་ཏེ་ལྕང་གླིང་ཆོས་སྡེར་ཕེབས་འཕྲལ། ལྷ་ལྡན་ནས་རྒྱལ་བློན་རྣམས་ཀྱིས་འཕྲལ་དུ་ལྷ་སར་ཕེབས་དགོས། དེ་ཡང་དགེ་ལྡན་འདུས་སྤྱི་རྣམས་ནས། གཞུང་སའི་གཞིས་ལྷག་ཅིག་ཏུ་ལ་ཕུག་སོགས་དབྱར་ཟས་ཀྱི་ལབ་གཞིར་བརྟེན། སྨོན་ལམ་ཆེན་མོར་མ་ཕེབས་པ་དེ་ལེགས་སྒྲིག་མཛད་དགོས་གསལ་བའི་ཞུ་ཡིག་འབྱོར་བྱུང་འཕྲལ། བསྟན་འགྲོར་དགོངས་པའི་ཐུགས་བསྐྱེད་