R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༧༨
[A:༦༧༨]བཟང་པོས་བསྐུལ་ཏེ། མྱུར་བར་ཆིབས་ཞལ་བསྒྱུར་གནང་གིས་འདུས་སྡེར་དབུ་མང་རྣམས་ལ་སྨོན་ལམ་ཆེན་མོ་འདི་ཉིད་སྤྱིར་ཡང་བསྟན་འགྲོ་ཡོངས་དང༌། དེར་འདུ་བ་པོ་རང་རང་རྣམས་ཀྱི་བདེ་ཐབས་བླ་ན་མེད་པ་ཞིག་ཡིན་པ་དང༌། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་མཛད་ཆེན་བཞིར་གྲགས་པའི་ནང་ནས་གནད་ཆེ་ཤོས་ཡིན་པ་སོགས་གང་ས་ནས་ཕེབས་དགོས་ཚུལ་མདོ་རྒྱུད་ལུང་དང་སྦྱར་བའི་རྡོ་རྗེའི་བཀའ་ནན་ཆེན་པོ་བསྩལ་བར། འདུས་སྡེ་རྣམས་ནས་ཀྱང་གུས་ཞེན་དྲག་པོས་བཀའ་དོན་དང་ལེན་ཞུས་ཤིང༌། དེ་མཐུན་རྒྱལ་བློན་རྣམས་ལའང་གང་ཅིའི་མཛད་སྒོ་རྣམས་ཀྱི་ལེགས་འཆོས་ཀྱི་བཀའ་རྒྱ་ཆེན་བསྩལ་བར་བརྟེན། ཚེགས་མེད་ལེགས་འགྲིག་བྱུང་བ་སོགས་མདོར་ན། སྡེ་འཁྲུག་སོགས་ཀྱི་གླེང་གཞི་རྩ་མེད་གོང་དུ་དེ་དག་ཞི་བའི་ཐབས་རིམ་ཁོ་ན་ལ་ཐུགས་བརྩོན་མཛད་པ་སོགས། དུས་གསུམ་སྒྲིབ་བྲལ་དུ་གཟིགས་པའི་འདྲེན་པ་བླ་ན་མེད་པ་ཞིག་ཡིན་པ་ནི་སེམས་ལྡན་ཀུན་གྱིས་རྟོགས་བྱའི་ཡུལ་ཡིན་ནོ། །ཡང་དེ་སྐབས་ཙམ་ལ་ཡིན་ཤག་ལ། སྲིད་སྐྱོང་སྐྱབས་མགོན་སྦུག་མགུལ་ལ་སྙུང་གཞི་ཐུ་མོ་ཆེ་ཞིག་བཞེས་སྐབས་རྣམ་འདྲེན་དམ་པ་ནས་ལྗགས་ཆུ་ཕུལ་ཞིང༌། སྲུང་འཁོར་བྱིན་རླབས་སོགས་མཛད་པས་སྙུན་ལས་གྲོལ་ཏེ་གཟིགས་བཟོས་བདག་རྐྱེན་ཚད་མེད་བྱུང་བ་དང༌། བལ་པོའི་དཔོན་པོ་ཞིག་ནད་ཀྱིས་མནར་ཏེ་འཆི་ལ་ཐུག་པའི་ཚེ། རྒྱལ་བློན་རྣམས་ནས་མི་འཆི་བའི་ཐབས་ས་སྐྱ་བདག་ཆེན་མཆོག་ནས་མ་མཛད་ཕྱིན། འདིར་ཤི་ན་བོད་ཁམས་ཡོངས་ལ་གནོད་ཚབས་ཆེ་བས་དེ་