R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༧༩
[A:༦༧༩]བཞིན་དགོངས་དགོས་ཞེས་ཞུས་པ་ན། བདག་ཉིད་ཆེན་པོས་བཀའ་བསྒོ་བྱིན་རླབས་ནད་བདག་ལ་གཏོར་མ་སོགས་མཛད་པས་བལ་པོའི་དཔོན་ནད་ལས་ཐར་ཏེ། ས་སྐྱ་བདག་ཆེན་གྱིས་བདག་འཆི་བའི་འཇིགས་པ་ལས་བསྐྱབས་པར་གྱུར་ཏོ། །ཞེས་གསོལ་ཞིང་དད་གུས་ཀྱིས་འབུལ་ནོར་བསམ་གྱིས་མི་ཁྱབ་པ་ཕུལ་བ་དང༌། སྐྱབས་མགོན་རྩེ་ཤོད་ནས་ཀྱང་ལེགས་གསོལ་སྟོབས་པ་སོགས་བསམ་གྱིས་མི་ཁྱབ་པ་དང་། སྐྱེ་འགྲོ་མཆོག་དམན་ཀུན་གྱིས་བདག་ཆེན་རིན་པོ་ཆེ་ལ་ནད་དེ་གའི་སྐྱོན་ཡེ་ནས་མ་བྱུང་བས་སོ་སྐྱེ་ཐ་མལ་ག་ལ་ཡིན་ཟེར། འདི་ནི་ངེས་པར་སློབ་དཔོན་རིན་པོ་ཆེའི་གངས་ཅན་གྱི་མགོན་སྐྱབས་སུ་སྤྲུལ་པར་གདོན་མི་ཟའོ། །འདི་སྐབས་ཀྱང་མཇལ་ཕྱག་སོགས་དང་སྔར་ལམ་སྣེ་ཤན་ཐབ་བསུ་སྐྱེལ་ཆིབས་ཞབས། སྣེ་ཤན་ལམ་ཡིག་ཟུར་བཟོས་སོགས་སྔར་ལམ་བཞིན་བསྩལ་བའོ། །དེ་ནས་གཞུང་ཞབས་ཇི་སྙེད་མཛད་དགོས་རྣམས་གྲུབ་སྟེ་ཐོན་ཕྱག་སོགས་སྔར་བཞིན་ཞུ་གནང་གིས་སྔར་ལམ་ལྷོ་གནས་གཟིགས་ཏེ་གདན་སར་ཕལ་ཆེར་སྔར་བཞིན་གྱིས་གདན་ས་ཆེན་པོར་ཕེབས་ཚུལ་སྔར་བཞིན་དང༌། འདི་སྐབས་བཞུགས་གནས་རྡོ་རིང་དུ་གནང་ཞིང༌། སྣེ་ཤན་ཀྱང་དེ་ཉིད་ཡིན་སྐད། ཡང་ལྕགས་བྱ་ལོ་ལྷ་ལྡན་དུ་ཟིང་གཞི་ཅུང་ཞིག་བྱུང་བར་བདག་ཉིད་ཆེན་པོས་བབ་བསེད་ཞུ་ཡིག་རྟེན་བཅས་ཁུངས་སོ་སོར་ཕུལ་བས་འདུས་སྡེ་རྣམས་མི་ཕྱེད་པའི་དད་གུས་ལ་བཀོད་དེ། ཞུ་ལན་ལེགས་པ་དང༌། མཎྜལ་རྟེན་གསུམ་བཅས་ཕུལ་ཞིང༌། སླར་ཟིང་གཞི་ཇེ་གྱེས་སུ་སོང་བ་ན། གཞིས་