R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༨༣
[A:༦༨༣]གཙང་ཁང་ཉམས་ཤིན་ཏུ་ཆེ་བར་རྨང་ནས་གསར་བསྐྲུན་དང༌། ནང་དུ་སྨན་བླའི་དཀྱིལ་འཁོར་བློས་བསླངས། ཉེ་འཁོར་གྲྭ་ཤག་རྣམས་དང༌། ཉམས་གསོ་གསར་བཞེངས་ལྟ་བུ་མཛད་པ་ཡིན་ཡང༌། དགོན་གཉེར་རིམ་པས་བདག་ཚགས་དག་མིན་ལ་བརྟེན་མཆོད་རྫས་རྣམས་ཀྱང་བོར་བརླག་སོགས་ཆུད་ཟོས་སུ་བཏང་བ། དཔོན་ཁུངས་རིམ་པ་ནས་ཐུགས་ཞིབ་དང་རྒྱབ་གཉེར་མ་མཛད་པས། ད་སྐབས་མིང་གི་ལྷག་མར་གྱུར་པ་དེ་ལྟར་དང༌། ལྷ་ཆེན་ཆོས་གྲྭའི་བྱང་ངོས་རྟེན་བརྟེན་པ་བཅས་གསར་བསྐྲུན་མཛད་པ་དང༌། རྗེ་བཙུན་ཀུན་བསོད་བསྟན་པའི་ཉི་མའི་དགོངས་རྫོགས་སུ་སྔ་དུས་ཀྱི་རྣམ་རྒྱལ་སྐུ་འབུམ་ཉམས་གསོ་དང་བུམ་ལྡིར་ལ་གྲང་གསེར་འཇིམ་བྱུགས། མཆོད་ཁང་བཀོད་ལེགས་སྔར་བས་བཟང་བ། གཞན་ཡང་དེའི་རྒྱབ་ཀྱི་ཐེག་ཆེན་ཆོས་རྗེའི་ཕྱི་རྟེན་དང༌། འཁོན་སྐུ་འབུམ། འབུམ་ཐང་སྟེང་འོག་ཤཱཀ་བཟང་སྐུ་འབུམ་སོགས་ལ་ཉམས་གསོ་དང༌། བདེ་མཆོག་ཕོ་བྲང་གི་བླ་མ་ལྷ་ཁང༌། སྟེང་གི་མགོན་ཁང་ཉམས་གསོ་གསར་བསྐྲུན་ལྟ་བུར་མཛད་པ་དང༌། ཞབས་བརྟན་ལྷ་ཁང་གི་གཟིམ་སྤྱིལ་འཛམ་གླིང་འོད་འབར་གྱི་ནུབ་ངོས་ཀྱི་གྱང་ལོགས་ལ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་རྣམ་ཐར་བཀོད་ལེགས་རབ་མཛེས་བྲིས་པར་མཛད་པ་ནི་རྗེ་ཉིད་ཀྱི་སྐུ་ཚེ་འདིར་རྟེན་བཞེངས་ཀྱི་ཐོག་མ་ཡིན་པས། དམ་པ་འདི་ཉིད་ཀྱིས་ལུགས་གཉིས་ཀྱི་མཛད་འཕྲིན་རྒྱ་ཆེར་འབྱུང་བའི་རྟེན་འབྲེལ་ཡང་དག་གོ །གཟིམ་ཆུང་ཉི་འོད་དུ་གཞོན་ནུ་རོལ་རྩེད་སྐབས་ཀྱི་ཐུགས་དམ་འཆམ་མགོན་ལྕམ་