R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༨༤
[A:༦༨༤]དྲལ་ཟུང་དང༌། གཉན་མགོན་ཞལ་བཞི་པ་བཅས་བཞུགས་པའི་གཟིམ་སྤྱིལ་མགོན་ཁང་ཤར། སྔོན་དུ་སོང་བ་བཞིན་གཡུ་ཁར་ར་མོ་ཆེའི་གཙུག་ལག་ཁང་གི་བྱང་དུ་བསྟི་གནས་ཕུན་དཔལ་རྟེན་བརྟེན་པ་བཅས་དང༌། ལྷག་ཏུ་ཡབ་རྗེ་གྲུབ་པའི་དབང་ཕྱུག་དང༌། ངག་དབང་ཀུན་དགའ་རྒྱལ་མཚན་ཟུང་གི་སྨན་སྐུ་བྱིན་རླབས་གཟི་འབར་སྤྲུལ་པའི་གནྡྷོ་ལ་ཆེན་པོའི་ནུབ་བྱང་མཚམས་སུ། ཡབ་རྗེ་རྡོ་རྗེ་འཆང་པདྨ་བདུད་འདུལ་དབང་ཕྱུག་གི་གདུང་རྟེན་དྲི་གཙང་ཁང་སྔར་བཤད་པ་བཞིན་རྒྱལ་ཡུམ་ཞིང་སྐྱོང་དབང་མོའི་ནང་རྟེན་དངུལ་གདུང་ཁྱད་འཕགས། ལྷ་ཐིལ་ཁྱམས་སྟོད་དུ་གདུང་ཞིང་གཤེགས་ཀྱི་ནང་རྟེན། གུ་རུ་རིན་པོ་ཆེ་སྣང་སྲིད་ཟིལ་གནོན་གསེར་ཟངས་ལས་གྲུབ་པའི་ཐུགས་ཀར་ཡབ་རྗེ་པད་མའི་མཚན་ཅན་གྱི་ཕྱག་བཟོ་འཁྲུལ་མེད་སློབ་དཔོན་རིན་པོ་ཆེའི་སྨན་སྐུ་བཞུགས་པ། ལྷ་རྩེ་བླ་མ་ལྷ་ཁང་དུ་སྟོད་ཧོར་སོགས་མཐའ་དམག་གི་ཁ་གནོན་དུ་ཡབ་རྗེ་པདྨའི་མཚན་ཅན་གྱི་སྨན་སྐུ་ནང་གཟུངས་སུ་དེ་ཉིད་ཀྱི་གདུང་ཚྭ་ཅི་མང་དང༌། རིག་བྱེད་ལྷ་མོའི་སྣང་བརྙན་ཐུགས་ཀར་བཞུགས་པའི་སྐུ་འདྲ་ཤིན་ཏུ་བྱོན་གཙང་མ་ལོག་འདྲེན་ཟིལ་གནོན་དུ་གྲགས་པ་རྟེན་བཞེངས་མཛད་རིགས་རགས་ཙམ་དང༌། གཞན་ཡང་སྒར་ཆེན་གྱི་གདན་ས་ཡུལ་ཆེན་འཛམ་གླིང་ཀུན་སྨོན་དང༌། ཡབ་རྗེ་དབང་སྡུད་སྙིང་པོའི་གཟིམ་སྤྱིལ་སྦུ་གཞིས་དང༌། བཟང་ལྡན་ཆོས་སྡེ་སོགས་ལའང་ཉམས་གསོ་དང༌། དགེ་འདུན་རྣམས་ལ་བཅའ་ཁྲིམས་སྡོམ་པ་སོགས་ཡབ་མེས་གོང་མ་རྣམས་ཀྱི་མཛད་སྤྱོད་ཀྱི་རྗེས་སུ་སློབ་པར་མཛད་དོ། །