R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༨༩
[A:༦༨༩]སློང་གཞན་ལ་སྨ་ཕབ་འདོད་དང༌། རང་ཉིད་ཆེ་འདོད་ཀྱི་ང་རྒྱལ། རང་བཞིན་དྲང་པོ་མ་ཡིན་པར་རྩོམ་པ་སོགས་ལ་ནི་ཕན་ཡོན་མེད་པའི་ཁར་ཉེས་པ་ཆེས་ལྕི་བར་སྒྲུབ་བྱེད་ལས་དགོས་པ་གང་ཡང་མེད་ཀྱང༌། བདག་ཉིད་ཆེན་པོ་འདིས་ནི་མང་པོ་བརྩམས་པར་མཛད་ཀྱང༌། ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད་སོགས་རྗེ་རང་ཉིད་ཀྱི་དབུ་བླ་རྣམས་ཀྱི་བརྟན་བཞུགས་གསོལ་འདེབས་མང་བ་དང༌། སྒྲོལ་དཀར་ཚར་ལུགས་འོད་ཟེར་དྲུག་སྦྲགས་ཀྱི་ཆོ་ག་རྗེ་འདི་ཉིད་ནས་ཆོས་སྡེ་ལྷོར་ཟླ་རེ་བཞིན་ཚེས་གཉིས་ལ་གསར་འཛུགས་མཛད་པའི་ཆོག་སྒྲིགས། ཀུན་ཐུབ་འཁོར་ལོའི་རབ་གནས། ཟབ་གསོལ་འཆམ་གཟིགས་ཆེན་མོའི་གཏོང་གཞི་དང༌། འདོན་ཆོག་གི་དེབ། ནང་གསོལ་སྐབས་སོགས་ལ་མཁོ་བའི་ཆོས་སྲུང་ཁག་གི་གསོལ་ཁ་འཕྲིན་བསྐུལ་ལ་སོགས་པ་མང་དུ་བཞུགས་ཚོད་རྣམས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་ཕན་པ་དང་བདེ་བའི་འཕྲིན་ལས་ཀྱི་མཛད་སྒོ་རགས་ཙམ་ལས་ཞིབ་པ་ནི། རྣམ་ཐར་ཕྱི་མོར་ཡང་མ་འཁོད་པས་ཧམ་རྫུན་གྱི་ཕྲེང་བ་སྒྲིག་མ་ནུས་པས་རེ་ཞིག་དེ་ཙམ་ལ་བསྡུས་ནས། ད་ནི་རེ་ཞིག་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་ནི། དགུང་གྲངས་ཞེ་གཉིས་སུ་ཕེབས་པར་ཁྲོ་བོ་ཞེས་པ་ཤིང་གླང་ལོ་ཤར་བ་ན། གཙུག་ལག་ཁང་དང་མཆོད་རྟེན་སོགས་ཀྱི་ཉམས་གསོ་རྣམས་ཀྱང་མ་གྲུབ་དོགས་པས་ཐུགས་བརྩོན་ཆེ་བར་མཛད་པ་དང༌། སྤྱིར་ཡང་ལོ་སྔ་ཕྱི་འདི་རྣམས་སུ་ཁུལ་འདིར་བླ་བྲང་ཁག་དང༌། དྲུང་རིགས། ཆོས་སྡེ་ལྷོ་བྱང་སོགས་སྙིགས་ལྔའི་རང་མདངས་བརྡོལ་བ་དང་འབྱུང་པོའི་ཆོ་