R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༨༨
[A:༦༨༨]བླ་མ་གོང་མ་དག་གི་མངོན་དཀྱིལ་སོགས་གཞུང་ལུགས་རྣམས་དང༌། མཐུན་མི་མཐུན་གྱི་དག་ཞུར་ཡང་དག་མཛད། གལ་ཏེ་མི་མཐུན་པ་འདུག་ན་ལུང་རིགས་རྣམ་དག་གིས་རྒྱབ་གནོན་དང་བཅས་ཚར་བཅད་དེ་ཕྱིན་ཆད་དེ་རིགས་མི་ཆོག་པའི་བཀའ་ནན་དང༌། གལ་ཆེར་ལུས་ལོངས་སྤྱོད་ཐོག་བཀའ་ཉེས་སོགས་བསྩལ་ཏེ་བསྟན་པའི་མིག་རྒྱན་ལ་ཕན་པར་མཛད་པ་ཤིན་ཏུ་མང་བ་དཔེར་མཚོན་ན། དེང་དུས་བདུན་པའི་བསྐུལ་རེས་ཞེས་པ་འདི་སྔ་དུས་མེད་ཀྱང་བདག་ཉིད་ཆེན་པོ་དེ་ཉིད་ཀྱི་སྐུ་དུས་སུ་ཚོགས་ཕེབས་དང་སློབ་དཔོན་རྟག་པར་གནང་སྐབས་བན་ཚང་གཞོན་གྲས་དང་བསྙེན་སོང་རྣམས་ནས་འདོན་ཆོག་དང་དབྱངས་རོལ་རྣམས་བློར་ཆུབ་ཡོད་མེད་སྣ་ཚོགས་ལ་བརྟེན་རེ་རེ་བཞིན་ཞུ་དག་དང་འབྲེལ་ཕྱིན་ཆད་དེ་བཞིན་མི་འབྱུང་ཆེད་བདུན་པའི་ཕུར་སྒྲུབ་ཟླ་གཅིག་རིང་གཞོན་གྲས་རྣམས་ལ་བསྐུལ་རེས་འདི་བཞིན་འཛུགས་གནང་ལ་བརྟེན། དེང་སང་སློབ་གཉེར་ཡར་སྐྱེད་འདི་བཞིན་བྱུང་འདུག་པ་སོགས་ཀྱིས་ཤེས་སོ། །རྩོམ་པ་སྡེབས་ལེགས་ཀྱི་ཕྲེང་བས་རྒྱལ་བསྟན་མཛེས་པར་མཛད་པ་ཡང༌། སྤྱིར་རྩོམ་པ་ཞེས་པ་ཡི་དམ་གྱི་ལྷ་དང་སངས་རྒྱས་བྱང་སེམས་ལ་བསྟོད་པ་རྟོགས་བརྗོད་སོགས་དང་རྒྱལ་གསུང་མདོ་རྒྱུད་རབ་འབྱམས་ཀྱི་དགོངས་པ་དང་འབྲེལ་བའི་བསྟན་བཅོས་ལ་སོགས་པ་འཕགས་བོད་དུ་བྱོན་པའི་པཎ་གྲུབ་རྣམས་ཀྱིས་མཛད་པ་བཞིན་ནུས་ཚེ་རྩོམ་པ་ཁོ་ནས་ཀྱང་ཡི་དམ་ལྷ་ཡི་ཞལ་མཐོང་བ་དང༌། གནས་ལུགས་ཀྱི་དོན་རྟོགས་པ་ལ་སོགས་པ་འབྱུང་བར་གསུངས་ཀྱང༌། དེ་ལས་ལྡོག་པའི་ཀུན་